ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་29ཉིན། རང་གྲོང་གི་བཟོ་ཚོགས་ཀྱི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་གཅེས་སེམས་ས་ཚིགས་ཐོག་མ་དེ་གྲོང་ཤར་གངས་རིའི་འབར་རླངས་ས་ཚིགས་སུ་བཙུགས་ནས་རྒྱ་ཆེའི་ཕྱི་རོལ་ངལ་རྩོལ་པར་མཁོ་འདོན་བྱས་པ་རེད།
ཆུ་ཚོད་24རིང་གི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་གཅེས་སེམས་ས་ཚིགས་སུ་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་ཡིན་པ་སྟེ། དེའི་ནང་འབོལ་ཁྲི་དང་། ངལ་གསོ་སའི་སྒྲོག་ཙེ་དང་རྐུབ་སྟེགས། འཐུང་ཆུའི་འཕྲུལ་ཆས། ཚགས་པར་དང་དུས་དེབ། ཆར་གདུགས་སོགས་སྒྲིག་ཆས་ཚང་མ་ཡོད། ཆུ་ཚོད་24རིང་གི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་གཅེས་སེམས་ས་ཚིགས་ཀྱིས་ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་ཆུ་ཚོད་24རིང་སྒོ་ཕྱེ་ཡི་ཡོད། ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་། སྐྱེད་ཚལ་བཟོ་པ། འགྲིམ་འགྲུལ་ཉེན་རྟོག་པ། མྱུར་སྐྱེལ་བ། ཟ་མ་སྐྱེལ་མཁན། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། འཛུགས་སྐྲུན་བཟོ་པ་སོགས་ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་གྱིས་ངོ་རིས་དབྱེ་འབྱེད་དང་རང་འགུལ་རྣམ་པའི་གློག་རྡུལ་སྒོ་བཀག་མ་ལག་བརྒྱུད་ནས་ས་ཚིགས་སུ་སྐྱོད་ཆོག་པ་དང་། དུས་དང་རྣམ་པ་ཀུན་ཏུ་དྲོ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཆོག་གི་ཡོད། ད་ལྟའི་ཆར།ཆུ་ཚོད་24རིང་གི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་གཅེས་སེམས་ས་ཚིགས་ལ་གློག་གསོག་པ་དང་། ཆུ་འཐུང་བ། གསོ་རླུང་མཁོ་འདོན། དྲོད་མཁོ་འདོན། མྱུར་སྐྱོབ་སོགས་ཀྱི་ཞབས་ཞུའི་ནུས་པ་10ལྷག་ཙམ་མངོན་འགྱུར་བྱུང་ཡོད།
བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ལིའུ་ཡུས་ཞ་ཡིས། དེ་རིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བསྐྲུན་པའི་ལྷ་ས་གྲོང་ཁྱེར་གྱི་བཟོ་ཚོགས་ཀྱི་ཆུ་ཚོད་24རིང་གི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་གཅེས་སེམས་ས་ཚིགས་ཀྱི་སྒོ་བྱང་བཀལ་བ་དང་། ངས་ཀྱང་ས་ཚིགས་ལ་ལྟ་སྐོར་བྱས་པ་ཡིན། དེའི་ནང་གི་ཞབས་ཞུའི་སྒྲིག་ཆས་ཆ་ཚང་པོ་འདུག་པས་ང་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ང་རྒྱུན་དུ་འདི་གར་འབར་རླངས་བླུགས་པར་ཡོང་གི་ཡོད། ད་ཆ་གཅེས་སེམས་ས་ཚིགས་དེ་ཡོད་པས།ང་ཚོས་འབར་རླངས་བླུགས་ཞོར་དུ་ཆུ་ཁོལ་ཡང་ལེན་ཆོག་པ་དང་། ངལ་གསོ་ཡང་རྒྱག་ཐུབ་ཀྱི་ཡོད་པས།བཟོ་ཚོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱབ་སྐྱོར་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐུགས་ཁུར་དང་མཐོང་ཆེན་འོག ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཉེ་བའི་ལོ་གསུམ་ནང་ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་ལ་ཞབས་ཞུའི་ས་ཚིགས་100ལྷག་ཙམ་བསྐྲུན་ཡོད། ད་ལོ་ནས་བཟུང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཞུགས་པ། མཉམ་སྐྲུན་མཉམ་སྤྱོད། དངོས་སྒྲུབ་ནུས་ཆེ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ད་ཡོད་ཀྱི་སྤྱི་ཚོགས་ཐོན་ཁུངས་གང་ལེགས་སྤྱོད་པ་དང་གཅེས་སེམས་ཁེ་ལས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ལྗོངས་གངས་རིའི་ནུས་རྒྱུ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་དང་གྲོས་མོལ་བྱས་པ་བརྒྱུད། གྲོང་ཤར་གངས་རིའི་འབར་རླངས་ས་ཚིགས་ཀྱི་དེ་སྔའི་ཕྱིར་ཚོང་ས་ཚིགས་སུ་གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོགས་ཀྱི་ཆུ་ཚོད་24རིང་གི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་གཅེས་སེམས་ས་ཚིགས་ཐོག་མར་བསྐྲུན་རྒྱུ་གཏན་འཁེལ་བྱས་པ་རེད།
གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོ་བའི་བྱེད་སྒོ་ལྟེ་གནས་ཀྱི་ལས་དོན་པ་ཀའོ་ཅ་པའོ་ཡིས། གཅེས་སེམས་ས་ཚིགས་འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཆུ་ཚོད་24རིང་གི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་གཅེས་སེམས་ས་ཚིགས་ཐོག་མ་དེ་ཡིན་ཞིང་། དེའི་ཁྱད་ཆོས་ཆེ་ཤོས་ནི་ཆུ་ཚོད་24ཡི་རིང་ལས་རེས་བྱེད་མཁན་མེད་པར་ངོ་རིས་ལ་བརྟེན་ནས་སྒོ་འབྱེད་པ་དང་། མི་ཚོགས་ཞིབ་བཤེར་ཚད་ལེན་སོགས་ཀྱི་རིག་ནུས་དོ་དམ་ནུས་པ་མངོན་འགྱུར་བྱུང་བ་དེ་ཡིན། གཞན་ཡང་། སྒོ་བྱང་ནི་ཡར་ཕེབས་ཤོག་ཞེས་པ་དེ་ཡིན་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རང་ཚུགས་ངང་ཇུས་འགོད་དང་དབང་ཆ་སྤྲད་པའི་ཁྱད་ལྡན་སྤུས་རྟགས་ཤིག་ཀྱང་རེད་ཅེས་བཤད།
གཅེས་སེམས་ས་ཚིགས་འཛུགས་རྒྱུ་དེ་ནི་གློ་བུར་དུ་བསྐྲུན་པའི་འདུ་འགོད་ཅིག་མ་ཡིན་པར། དེ་ནི་དུས་ཡུན་རིང་བ་དང་། རྒྱུན་མཐུད་རང་བཞིན་གྱི་འདུ་འགོད་ཅིག་ཡིན། རྗེས་མར། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིག་ནུས་ཅན་དང་གྲངས་གཞི་ཅན་གྱི་ལག་རྩལ་འདེགས་སྐྱོར་དུ་བྱས་ནས་ས་ཚིགས་ཀྱི་གཞི་རྩའི་ཞབས་ཞུའི་ནང་དོན་མུ་མཐུད་ནས་ལེགས་སུ་བཏང་སྟེ། ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ནས་ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་གྱི་ལས་ཀའི་ཧུར་སེམས་དང་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社