分享按钮

ལྷ་སའི་དངོས་ཟོག་སྤུས་ལེགས་རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་འདུས་སྐབས་111པའི་ནང་ཞུགས་པ།

པར་འདི་ནི་རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་འདུས་སྐབས་111པའི་ཐོག་གི་ལྷ་སའི་དངོས་ཟོག་སྤུས་ལེགས་ཁང་གི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་29ཉིན་རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་འདུས་སྐབས་111པ་ཧྲེན་ཀྲེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་དངོས་ཟོག་སྤུས་ལེགས་ལ་བརྟེན་ནས་གཏེར་ཆུ་7100དང་། ས་མཐོའི་འབྲིའི་འོ་མ། ལྷ་སའི་སྦི་རག བོད་ཀྱི་ནས་ཀྱི་ཨ་རག་དཀར་པོ། ནས་ཆང་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་བདམས་ཏེ།མངར་ཆ་དང་ཨ་རག་ཚོང་འདུས་ཀྱི་བཏུང་བྱ་དང་ཨ་རག་རིགས་ཀྱི་འགྲེམས་ཁུལ་དུ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་འདུས་1955ལོར་འགོ་ཚུགས་ཤིང་།དེ་ནི་རྒྱལ་ནང་གི་འགྲེམས་ཚོགས་ལོ་རྒྱུས་རིང་ཤོས་ཀྱི་ཆེད་ལས་འགྲེམས་ཚོཊ་ཆེ་གྲས་ཀྱི་གྲས་ཤིག་ཡིན་པ་དང་།དེ་ལ་ཀྲུང་གོའི་བཟའ་བཅའི་ལས་རིགས་ཀྱི་རླུང་ཕྱོགས་སྟོན་རྟགས་དང་ཨ་རག་ལས་རིགས་ཀྱི་ཆར་བརྟག་ཡོ་བྱད་ཅེས་བརྗོད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྣེ་ཁྲིད་པའི་ལྷ་ས་སྦི་རག་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ས་མཐོའི་གཅེས་ནོར་ཚད་ཡོད་ཀུང་སི། བོད་ལྗོངས་དཔྱིད་འོད་བཟའ་བཅའ་ཚད་ཡོད་ཀུང་སི། བོད་ལྗོངས་སུའུ་ལྷ་མཁོ་སྤྲོད་སྦྲེལ་ཐག་དོ་དམ་ཚད་ཡོད་ཀུང་སི། བོད་ལྗོངས་གཙང་ཆོན་ཁེ་ལས་མ་རྐང་ཚད་ཡོད་ཀུང་སི་བཅས་བྱེད་སྒོའི་ནང་ཞུགས་པ་དང་འབྲེལ་ཇུས་འགོད་སྤུས་ལེགས་དང་ཁྱད་ཆོས་མངོན་གསལ་དོད་པའི་ལྷ་སའི་དངོས་ཟོག་སྤུས་ལེགས་ཀྱི་འགྲེམས་ཁང་བཙུགས་ནས་ལྷ་སའི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་དང་ཐོན་རྫས་ཀྱི་ལེགས་ཆ་གང་ལེགས་མངོན་པར་བྱས་ཡོད།ཚོང་འདུས་རིང་།རང་གྲོང་གི་ཚོང་འདུས་ནང་ཞུགས་མཁན་ཁེ་ལས་ཀྱིས་ད་དུང་ཐོན་རྫས་འགྲེམས་སྟོན་དང་། མྱོང་དཔྱད། སྤེལ་རེས་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ལྷ་སའི་སྤུས་ལེགས་ཀྱི་ཐོན་རྫས་འོས་སྦྱོར་ཧུར་ཐག་བྱེད་ཀྱི་ཡོད། ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་རྒྱལ་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་དང་ཚོང་དུད་ཡང་ཡུལ་དངོས་སུ་ཕེབས་ནས་རང་གྲོང་གི་འགྲེམས་ཞུགས་ཁེ་ལས་ཀྱི་འཐུས་མི་དང་མཉམ་དུ་ཚོང་འདུས་ཀྱི་བྱེད་སྒོའི་ནང་ཞུགས་ཏེ།ལྷ་སའི་ཁེ་ལས་ཀྱི་སྟེགས་བུའི་ངར་ཤུགས་བསླངས་ཡོད། ལྷ་སའི་དངོས་ཟོག་སྤུས་ལེགས་ཀྱི་འགྲེམས་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་འཛད་སྤྱོད་པའི་ཡིད་དབང་བཀུག་ཡོད།

རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་འདུས་སྐབས་111པ་ནི་ཐོན་རྫས་ཉོ་ཚོང་གི་ལས་སྟེགས་ཤིག་ཡིན་པར་མ་ཟད། ལས་རིགས་ཀྱི་རིག་ནུས་ཐད་སྤེལ་རེས་བྱེད་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན། ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་འདུས་ནང་ཞུགས་པ་བརྒྱུད་ལྷ་སའི་ཁྱད་ལྡན་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་ཁེ་ལས་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དབར་འབྲེལ་མཐུད་དང་མཉམ་ལས་བྱ་རྒྱུར་སྐུལ་མ་ཐེབས་ཡོད། རྗེས་མར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རྒྱལ་ཁབ་ཀྱི་འཛད་སྤྱོད་སྐུལ་སྤེལ་ལོའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་འགྲེམས་ཚོགས་ཀྱི་གྲུབ་འབྲས་ལ་མུ་མཐུད་ནས་དོ་ཁུར་བྱ་རྒྱུ་མ་ཟད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་སྒོ་ཡང་ཧུར་ཐག་སྤེལ་ནས་ཐོན་ལས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ།ལྷ་སའི་ཁྱད་ལྡན་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་དར་རྒྱས་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཚོང་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 6 6 拉萨日报藏文 c190288.html 1 ལྷ་སའི་དངོས་ཟོག་སྤུས་ལེགས་རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་འདུས་སྐབས་111པའི་ནང་ཞུགས་པ། /enpproperty-->