(པར་ངོས་དང་པོར་མཐུད)
ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པས་འདམ་གཞུང་གི་ཐུན་མོང་མ་ཡིན་པའི་རང་བྱུང་གི་བཀོད་པ་དང་ཡུལ་གོམས་གཤིས་ལུགས་ལ་བརྟེན་ནས་གཞི་རིམ་དང་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་ཏེ། ཞབས་བྲོ《ལ་ལའི་ཕྱུག་འགྱུར་གྱི་ལམ་བུ》དང་། འཁྲབ་ཚན་ཐུང་གྲས《ཏང་གི་བཀའ་དྲིན》 ཞབས་བྲོ《མཉེད་པ་ལས་བྱུང་བའི་སྐྱིད་པའི་འཚོ་བ》ཞེས་པ་སོགས་ཁྱད་ཆོས་ལྡན་པ་དང་།མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་བརྩམས་ཆོས་མང་པོ་བཏོད་པར་མ་ཟད། རིམ་པ་ཁག་དང་རིགས་ཁག་གི་རིག་རྩལ་བྱེད་སྒོའི་ཁྲོད་དུ་གྲུབ་འབྲས་བཟང་པོ་ཐོབ་ཡོད། དེའི་ནང་ནས《མཉེད་པ་ལས་བྱུང་བའི་སྐྱིད་པའི་འཚོ་བ》ཞེས་པ་དེ་ནི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་རེད།
འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་གཞོན་པ་དབང་ཕྱུག་གིས། ང་ཚོའི་འབྲོག་ཁུལ་དུ་མཉེད་པ་ནི་རྒྱན་གོས་བཟོ་བའི་བརྒྱུད་རིམ་ཞིག་ཡིན། སྔོན་ལ་མཉེད་དགོས་པ་དང་དེ་རྗེས་གཞི་ནས་རྒྱན་གོས་བཟོ་ཐུབ་ཀྱི་ཡོད། གཞོན་ནུ་ཚོའི་ངོས་ནས་བརྗོད་ན་རྒྱུས་མངའ་དེ་ཙམ་མེད། དེར་བརྟེན་ང་ཚོ་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་མཉེད་པའི་བརྒྱུད་རིམ་ལ་དངོས་སུ་རྒྱུན་ལོན་བྱས་ཏེ་ཅུག་ནས་2023ལོའི་ལོ་འགོར་ཞབས་བྲོ《མཉེད་པ་ལས་བྱུང་བའི་སྐྱིད་པའི་འཚོ་བ》ཞེས་པ་གསར་རྩོམ་བྱས་པ་དང་། ཕྱིས་སུ་ལེཊ་སྒྲིག་ཐེངས་མང་བྱས་པ་བརྒྱུད་ཞབས་བྲོ་དེར་བྱ་དགའ་དང་གཟི་བརྗིད་མང་པོ་ཐོབ་པ་རེད་ཅེས་བཤད་པ་རེད།
རིག་རྩལ་ནི་བླ་སྲོག་གཏོད་པའི་འདུ་འགོད་ཅིག་ཡིན་པ་དང་། རིག་རྩལ་ལས་དོན་པ་ནི་བླ་སྲོག་གི་བཟོ་བཀོད་ཆེན་མོ་བ་ཡིན། རིག་རྩལ་བརྩམས་ཆོས་ཡག་པོ་ཞིག་ཡིན་ཕྱིན་དགུང་སྔོན་དབྱིངས་ཀྱི་ཉི་འོད་དང་དཔྱིད་དུས་ཀྱི་བསིལ་རླུང་དང་འདྲ་བར་མི་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་ལ། སེམས་ཁམས་ལ་དྲོ་སྐྱིད་སྦྱིན་ཐུབ། དེ་བས་མི་ཚེར་ཤུགས་རྐྱེན་བཟང་པོ་ཡང་ཐེབས་ཐུབ། འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པ་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ཟམ་མི་ཆད་པར་འཕེལ་རྒྱས་སུ་ཕྱིན་ཡོད་ཅིང་། རང་རྩོམ་དང་། རང་ཁྲིད། རང་འཁྲབ་བཅས་བྱས་པའི་གླུ་གར་ལེ་ཚན་གྱིས་འདམ་གཞུང་གི་ཡུལ་སྲོལ་གོམས་གཤིས་དེ་གྲོང་ཁྱེར་ཡོངས་དང་། ལྗོངས་ཡོངས། ཐ་ན་རྒྱལ་ཡོངས་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཡོད། ལྷ་ས་གྲོང་ཁྱེར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིག་རྩལ་སྐོང་འཁྲབ་ཀྱི་བྱ་དགའ་རིམ་པ་དང་པོ་དང་། ལྗོངས་ཡོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་འཛུགས་སྐྲུན་གྱི་སྔོན་ཐོན་མཉམ་སྡེབ། སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཞིང་པར་ཞབས་འདེགས་ཞུ་བའི་གཞི་རིམ་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ་སོགས་ཀྱི་བྱ་དགའ་30ལྷག་ཙམ་སྔ་རྗེས་སུ་ཐོབ་ཡོད།
འདམ་གཞུང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་དབྱི་ཧང་གིས། ཁོང་ཚོའི་འཁྲབ་སྟོན་ཚང་མ་ནི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པས། ལྟད་མོ་བ་ཚོས་སྒྱུ་རྩལ་མྱོང་རོལ་བྱེད་པ་དང་ཆབས་ཅིག འདམ་གཞུང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ཉམས་སུ་མྱོང་ཐུབ་ཀྱི་ཡོད། ཕྱིས་འབྱུང་། འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པས་རྒྱུན་ཆད་མེད་པར་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་པ་དང་འཚོ་བར་ཟབ་འཇུག་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་མི་དམངས་ལ་ཆེས་མཛེས་སྡུག་ལྡན་པའི་བསམ་པའི་རྒྱགས་ཕྱེ་འབུལ་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་།སྤུས་ལེགས་ཀྱི་རིག་རྩལ་བརྩམས་ཆོས་སྔར་བས་མང་པོ་མུ་མཐུད་ནས་གསར་རྩོམ་བྱ་རྒྱུ་རེད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社