ཕུན་སུམ་ཚོགས་པའི་སློབ་གྲྭའི་འཚོ་བའི་ཁྲོད་དུ། སློབ་མ་འདི་འདྲ་ཞིག་ཡོད་པ་སྟེ། བརྩོན་འགྲུས་ཀྱི་གཤོག་རྩལ་ངོམས་ནས་ཤེས་རིག་གི་ནམ་འཕང་གཅོད་བཞིན། མཐའ་ཡས་ཀྱི་ཤེས་བྱའི་རྒྱ་མཚོའི་ནང་རླུང་བརྟེན་རླབས་གཤག་བྱས་ནས་རང་ཉིད་ཀྱིས་སློབ་སྦྱོང་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཏེ་མི་ཚེའི་ཤོག་དྲིལ་ཐོག་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམས་ཡོད། ཁོང་ནི་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་མིའི་མཚན་སྙན་ཐོབ་པའི་འཆི་མེད་སྒྲོལ་དཀར་རེད།
འཆི་མེད་སྒྲོལ་དཀར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་སློབ་ཆུང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། སློབ་གྲྭར་བསྐྱོད་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་ལ་ཧུར་བརྩོན་གྱི་རྣམ་འགྱུར་ཐོག་ནས་སློབ་སྦྱོང་ལ་དགའ་ཞེན་དང་སྙིང་རུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཁོང་གིས་དཔེ་ཀློག་གི་རི་བོ་བརྒལ་བར་ངལ་བ་འཛེམས་མེད་ཀྱིས་མདུན་དུ་སྐྱོད་དགོས་པ་དང་། ཤེས་བྱའི་རྒྱ་མཚོའི་ཕ་མཐར་བགྲོད་པར་བརྩོན་འགྲུས་ཀྱི་གྲུ་གཟིངས་ལ་བརྟེན་དགོས་པའི་གནས་ལུགས་ཟབ་མོ་ཤེས་ཀྱི་ཡོད། ཉིན་ལྟར་ཞོགས་པ་སྔ་པོ་ནས་སློབ་ཁང་ནང་ཉི་འོད་འཕྲོས་སྐབས་རྟག་ཏུ་ཁོང་གིས་སློབ་སྦྱོང་ལ་འབད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། སློབ་ཚན་འཚོག་སྐབས་ཁོ་མོས་དུས་ཚོད་དམ་འཛིན་གྱིས་སློབ་ཚན་ཉན་པ་དང་། བསམ་གཞིགས་ཧུར་ཐག་བྱེད་པ། དོགས་གནད་ཀྱི་འདྲི་བ་འདོན་པ་བཅས་བྱེད་པ་དང་། སློབ་ཚན་གྲོལ་རྗེས་ཀྱང་ཁོང་གིས་དུས་ཚོད་དམ་འཛིན་གྱིས་བསྐྱར་སྦྱོང་བྱས་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཤེས་བྱ་རྒྱ་ཆེར་གཏོང་གི་ཡོད། ཁོང་གིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། ཡིག་རྒྱུགས་ཁག་ནང་ཁོང་ལ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པར་མ་ཟད།“སློབ་སྦྱོང་གི་མིག་དཔེ་བ”དང་།“བཟང་པོ་གསུམ་ལྡན་གྱི་སློབ་མ”“ཕུལ་བྱུང་གི་ལོ་ཆུང་གདོང་ལེན་རུ་མི”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་སློབ་ཆུང་གི་དགེ་རྒན་ཚེ་རིང་ཆོས་སྒྲོན་གྱིས་སློབ་མ་འཆི་མེད་སྒྲོལ་དཀར་ནི་སྤྱོད་ཡོན་གཉིས་དང་ལྡན་ཞིང་།ཀུན་སྤྱོད་དང་ཤེས་རིག མཛེས་རྩལ།ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བའི་སློབ་མ་ཞིག་ཡིན། འཚོ་བའི་ཁྲོད་ཁོང་གིས་སེམས་རྩ་འཁོལ་པོས་གཞན་ལ་རོགས་རམ་བྱེད་པ་དང་ཁྱིམ་དུ་ཕ་མར་ནུས་པས་ལྕོགས་ཚོད་ཀྱི་ཁྱིམ་ལས་བྱེད་རོགས་བྱེད་ཀྱི་ཡོད། སློབ་སྦྱོང་གི་སྐབས་སུ། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཡར་ཐོན་གྱི་སློབ་སྦྱོང་གི་རྣམ་འགྱུར་རྒྱུན་འཁྱོངས་དང་། སློབ་སྦྱོང་གི་ཐབས་ཤེས་ལ་བསམ་གཞིགས་དང་ཕྱོགས་བསྡོམས་བྱེད་པར་མཁས་པས། སྦྱངས་འབྲས་རྒྱུན་དུ་མདུན་གྲལ་དུ་ཤ་སྟག་སླེབས་ཀྱི་ཡོད་ཅེས་བཤད།
འཆི་མེད་སྒྲོལ་དཀར་ནི་དགའ་ཕྱོགས་རྒྱ་ཆེ་བ་དང་ཤེས་ཡོན་སྣ་འཛོམས་ཀྱི་སློབ་མ་ཞིག་ཡིན། དགའ་ཕྱོགས་མང་པོ་ཡོད་པའི་ཁྲོད་ནས་ཁོང་གིས་བོད་ཡིག་ཡིག་གཟུགས་ལ་དེ་བས་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། བོད་ཡིག་ཡིག་གཟུགས་སྦྱོང་སྐབས་ཁོང་གི་ངང་རྒྱུད་རིང་པོ་དང་བློ་རྩེ་གཅིག་སྒྲིམ་གྱི་ནུས་པ་ཆེ་རུ་ཕྱིན་པ་དེས་ཁོང་གི་སློབ་སྦྱོང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད། དེ་དང་འདྲ་བར་ཁོང་ད་དུང་རི་མོ་འབྲི་རྒྱུ་དང་སྒྲ་སྙན་དཀྲོལ་རྒྱུར་ཧ་ཅང་དགའ་པོ་ཡོད། འཆི་མེད་སྒྲོལ་དཀར་གྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བའི་བདེན་དོན་གྱི་གནས་ལུགས་གསལ་འགྲེལ་བྱས་ཡོད།
འཆི་མེད་སྒྲོལ་དཀར་གྱི་སྦྱངས་འབྲས་ཕུལ་བྱུང་ཡིན་པར་མ་ཟད། ཡོན་ཏན་སྣ་ཚོགས་ལྡན་ལ་གཤིས་རྒྱུད་ཀྱང་བཟང་པོ་ཞིག་ཡོད། ཁོང་ནི་གཞུང་དྲང་ཞིང་བྱམས་སེམས་ལྡན་པ་ཞིག་ཡིན་ལ། སྤུན་དང་མིང་སྲིང་བཞིན་དུ་གཞན་ལ་རོགས་རམ་བྱེད་རྒྱུར་དགའ། སློབ་མ་ཞིག་ལ་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ངལ་འཕྲད་སྐབས། ཁོ་གིས་རོགས་རམ་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ལ་དྲོད་སྐྱིད་སྦྱིན་བཞིན་ཡོད། ཁྱིམ་དུ་ཁོང་གིས་ཕ་མར་བསྙེན་བཀུར་བྱེད་པ་དང་། དུས་རྒྱུན་རང་ཉིད་ཀྱི་ལས་ཀ་རང་ཉིད་ཀྱིས་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་ཕ་མར་རོགས་རམ་བྱས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་ཁྱིམ་ལས་བྱེད་ཀྱི་ཡོད། ཁོང་གི་ལྷག་བསམ་དང་སྤྱོད་བཟང་ལ་དགེ་སློབ་རྣམས་ཀྱི་བསྟོད་བསྔགས་ཐོབ་ཡོད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་སློབ་ཆུང་གི་སློབ་མ་ཚེ་གསལ་སྒྲོན་གྱིས་འཆི་མེད་སྒྲོལ་དཀར་ནི་ངའི་གྲོགས་མོ་ཡག་ཤོས་དེ་ཡིན། སློབ་སྦྱོང་ཐད་དཀའ་ངལ་འཕྲད་སྐབས་ཁོང་གིས་ང་ལ་ཟུར་ཁྲིད་ཞིབ་ཚགས་བྱེད་ཀྱི་ཡོད། འཚོ་བའི་ནང་དཀའ་སྡུག་དང་ཡིད་སྐྱོ་བའི་གནས་ཚུལ་འཕྲད་སྐབས་ཁོང་གིས་ང་ལ་སེམས་གསོ་གཏོང་གི་ཡོད། ཁོང་ནི་ཀུན་སྤྱོད་བཟང་བའི་མི་ཞིག་ཡིན་པས་ང་ཁོང་ལ་ཧ་ཅང་དགའ་པོ་ཡོད་ཅེས་བཤད།
ཁོང་གི་སློབ་སྦྱོང་ལ་བརྩོན་འགྲུས་དང་། འཚོ་བར་དགའ་ཞེན། ཟོལ་མེད་སེམས་བཟང་བཅས་ཀྱི་ཕུལ་བྱུང་ཀུན་སྤྱོད་ཀྱིས་སློབ་གྲྭ་ཡོངས་ཀྱི་སློབ་མ་ཚོར་མིག་དཔེ་བསྟན་ཡོད། འབྱུང་འགྱུར་གྱི་དུས་ཚོད་ནང་ཁོང་གིས་མུ་མཐུད་ཕུགས་འདུན་དོན་གཉེར་བྱེད་པ་དང་ལང་ཚོ་ཆུད་ཟོས་སུ་མ་བཏང་བར་དེ་བས་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
འཆི་མེད་སྒྲོལ་དཀར་གྱིས་ད་ཐེངས་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་མིའི་གཟི་བརྗིད་མཚན་སྙན་ཐོབ་པ་ནི་ངའི་ངོས་ན་བརྗོད་ན་གཟི་བརྗིད་དང་སྤོབས་པ་ཆེན་པོ་སྐྱེ་འོས་པ་ཞིག་ཡིན། མཚན་སྙན་དེ་ཐོབ་པ་ནི་སློབ་གྲོགས་ཚོའི་ཁས་ལེན་དང་། དགེ་རྒན་གྱི་སློབ་གསོ། སློབ་གྲྭའི་ཁས་ལེན་བཅས་དང་ཁ་འབྲལ་ཐབས་མེད། ངའི་ངོས་ནས་བཤད་ན་མཚན་སྙན་དེ་ཐོབ་པ་ནི་དམིགས་ཡུལ་སྒྲུབ་པ་ཙམ་མ་ཡིན་པར། འགོ་འཛུགས་ས་གསར་པ་ཞིག་ཡིན་པ་དང་། ང་རང་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་ཡིན། རྗེས་མར་ངས་དེ་བས་འབད་བརྩོན་བྱས་ཏེ་གྲུབ་འབྲས་དེ་བས་ལེགས་པ་ཐོབ་པར་བྱེད་ཀྱི་ཡིན་ལ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་མིག་དཔེ་བསྟན་ཏེ་སློབ་གྲོགས་ཚོར་ཧུར་བརྩོན་ཡར་ཐོན་གྱི་དྲང་ནུས་བརྒྱུད་སྤྲོད་བྱེད་ཀྱི་ཡིན་ཞེས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社