分享按钮

ཉི་དྲོད་གླིང་སྡེ་ཁུལ་གྱི་དུས་ཐེངས་གཉིས་པའི་རྒན་རྒོན་སློབ་ཆེན་གྱི་སློབ་ཁྲིད་འགོ་ཚུགས་པ།

པར་འདི་ནི་ཞབས་བྲོའི་དགེ་རྒན་གྱིས་རྒན་རྒོན་ཚོར་ཡུལ་དངོས་སུ་སློབ་ཁྲིད་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྡེ་ཁུལ་གྱི་རྒན་རྒོན་ཚོའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒན་རྒོན་ཚོའི་རིག་གནས་ཀྱི་བྱང་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད། ཟླ་10ཚེས་22ཉིན། ཉི་དྲོད་གླིང་སྡེ་ཁུལ་རྒན་རྒོན་སློབ་ཆེན་གྱི་དུས་ཐེངས་གཉིས་པའི་སློབ་ཁྲིད་འགོ་ཚུགས་ཤིང་། སློབ་འགོ་ཚུགས་པའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་རྗེས། དུས་ཐེངས་གཉིས་པའི་སློབ་ཚན་དང་པོ་སྟེ་ནང་མ་སྟོད་གཞས་སློབ་ཁྲིད་དངོས་སུ་འགོ་ཚུགས་པ་རེད།

ཞབས་བྲོ་ཁང་དུ་ལུས་སྦྱོང་ཅུང་ཟད་བྱས་རྗེས། དགེ་རྒན་གྱིས་སྟོད་གཞས་ཀྱི་འབྱུང་ཁུངས་དང་། རྨང་གཞིའི་ཞབས་བྲོ། ཉམས་འགྱུར་སོགས་ཀྱི་ཐད་ནས་ཚང་མར་སློབ་ཁྲིད་བྱས་པ་རེད།ཚང་མས་དགེ་རྒན་གྱི་གསུངས་པ་ནང་བཞིན་མཉམ་དུ་ཞབས་བྲོའི་སྟངས་སྟབས་ལ་སྦྱོང་བརྡར་ཡང་ཡང་བྱས་པ་དང་། ཞབས་བྲོའི་དགེ་རྒན་གྱིས་ངང་རྒྱུད་རིང་པོའི་སྒོ་ནས་མཛུབ་ཁྲིད་དང་དཔེ་སྟོན་བྱས་པ་བརྒྱུད། ཚང་མས་ཞབས་བྲོའི་གཞི་རྩའི་སྟངས་སྟབས་རིམ་བཞིན་ཁོང་དུ་ཆུད་པ་རེད།

ཉི་དྲོད་གླིང་སྡེ་ཁུལ་གྱི་གྲོང་མི་པ་སངས་སྒྲོལ་དཀར་གྱིས་ང་དུས་རྒྱུན་ནས་ནང་མ་སྟོད་གཞས་ལ་དགའ་པོ་ཡོད། ཉི་དྲོད་གླིང་སྡེ་ཁུལ་གྱིས་ཆེད་ལས་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པས། ང་རང་འདིའི་ནང་ཞུགས་པ་ཡིན། ནང་མ་སྟོད་གཞས་སློབ་སྦྱོང་བྱས་ཚེ་ལུས་སེམས་སྐྱིད་པོ་ཡོང་བར་མ་ཟད། གཟུགས་པོར་སྦྱོང་བརྡར་ཡང་བྱེད་ཐུབ་པས། ང་ལ་ཡང་སློབ་སྦྱོང་ཡག་པོ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

རྒན་རྒོན་སློབ་ཆེན་གྱི་སློབ་ཁྲིད་རྣམ་གྲངས་དེ་ད་ལོའི་ཟླ་5པར་སྤེལ་འགོ་ཚུགས་པ་དང་། དེའི་རིང་ཉི་དྲོད་གླིང་རྒན་རྒོན་སློབ་ཆེན་གྱིས་རྒན་ཚོན་ཚོའི་ལུས་སེམས་ཀྱི་བདེ་ཐང་ལ་ཕན་པའི་སློབ་ཚན་རྐྱང་རྐྱང་བཀོད་སྒྲིག་བྱས་ཡོད་པ་དང་། རྒན་རྒོན་ཚོར་སློབ་སྦྱོང་གི་ཐོན་ཁུངས་དང་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཏེ། སྡེ་ཁུལ་གྱི་རྒན་རྒོན་གྲོགས་པོ་ཚོར་དེ་གར་ཤེས་བྱ་དང་། བདེ་ཐང་། སྤྲོ་སྣང་བཅས་ཐོབ་ཐུབ་པར་བྱས་ཡོད།

ཉི་དྲོད་གླིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་བདེ་སྐྱིད་གཡང་འཛོམས་ཀྱིས་རྗེས་མར་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ཐོན་ཁུངས་དེ་བས་ལེགས་པའི་སྒོ་ནས་སྤྱད་དེ་རྒན་རྒོན་ཚོར་ཞབས་འདེགས་དེ་བས་ལེགས་པ་ཞུས་ནས་སྡེ་ཁུལ་གྱི་རྒན་རྒོན་ཚོའི་བསམ་བློའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-24 6 6 拉萨日报藏文 c189832.html 1 ཉི་དྲོད་གླིང་སྡེ་ཁུལ་གྱི་དུས་ཐེངས་གཉིས་པའི་རྒན་རྒོན་སློབ་ཆེན་གྱི་སློབ་ཁྲིད་འགོ་ཚུགས་པ། /enpproperty-->