ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་22ཉིན།རང་ལྗོངས་ཀྱི་2024ལོའི་དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་གྱི་ཡིག་རྒྱུགས་དྲ་ཐོག་ནས་བཅོས་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ཟླ་11པའི་ཟླ་སྟོད་དུ་སྦྱངས་འབྲས་ཁྱབ་བསྒྲགས་བྱ་རྒྱུ་རེད།
ད་ཐེངས་ཀྱི་ཡིག་རྒྱུགས་དེ་ལྗོངས་ཡོངས་ཀྱི་སློབ་གསོའི་ཡིག་རྒྱུགས་སློབ་བསྡུའི་འཐབ་ཕྱོགས་ཀྱི་ལས་དོན་པ་ཡོངས་ཀྱི་ཡིག་རྒྱུགས་ལས་དོན་སྒྲིག་འཛུགས་དང་ཞབས་ཞུའི་ནུས་པར་གཟིགས་ཞིབ་ཆེན་པོ་བྱས་པ་ཞིག་ཡིན་པར་མ་ཟད།ལྗོངས་ཡོངས་ཀྱི་སློབ་གསོའི་ཡིག་རྒྱུགས་སློབ་བསྡུའི་འཐབ་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན།ཡིག་རྒྱུགས་མ་བཏང་གོང་ནས་ཡིག་རྒྱུགས་བཏང་རྗེས་ཀྱི་ཡིག་རྒྱུགས་ལ་བཅོས་རྒྱག་པ་དང་སློབ་བསྡུའི་ལྷུ་ཚིགས་ཁག་གི་ལས་དོན་ལ་འགན་ལེན་བྱེད་པ་དེའི་ཐོག་ནས་སློབ་གསོའི་ལམ་ལུགས་ལ་བརྩི་འཇོག་དང་རྒྱུགས་སྤྲོད་སློབ་མ་ཚང་མའི་ཁེ་དབང་ལ་འགན་ལེན་བྱ་རྒྱུར་མཐོང་ཆེན་བྱས་པ་གང་ལེགས་མཚོན་ཡོད། ཡིག་རྒྱུགས་གཏོང་རིང་།རང་ལྗོངས་ཀྱི་ལྷ་ས་སོགས་རྒྱུགས་ཁུལ་ཁག་གིས་ཡིག་རྒྱུགས་མ་བཏང་གོང་གྲ་སྒྲིག་ཞིབ་ཚགས་དང་།ཡིག་རྒྱུགས་གཏོང་རིང་དོ་དམ་ནན་པོ།འཕྲལ་སྡོམ་སྔོན་ཇུས་བཟོ་བ།མི་སྣ་ཡོངས་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་ཞིབ་ཚགས་བཅས་བྱས་ཏེ།གནས་དྲུག་གཞི་གཅིག་གི་འགོག་སྲུང་དྲ་བ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ།ཚན་རྩལ་སྤྱད་ནས་ཡིག་རྒྱུགས་བཤུ་བའི་ཐད་བཀག་འགོག་ནན་པོ་བྱས་ཡོད། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་དྲིལ་བསྒྲགས།དྲ་འཕྲིན།གསང་སྲུང་།དཔལ་འབྱོར་ཆ་འཕྲིན།སྤྱི་བདེ།ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་གཞོགས་འདེགས་བྱས་ནས་ལས་དོན་ལ་འགན་ལེན་བྱས་པ་དང་། རིམ་ཁག་སློབ་གསོའི་ཡིག་རྒྱུགས་སློབ་བསྡུ་སྒྲིག་གཞིས་གཞུང་ཕྱོགས་དྲ་ཚིགས་དང་གཞུང་ཕྱོགས་སྐད་འཕྲིན་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ་ཡིག་རྒྱུགས་བཀོད་སྒྲིག་དང་།རྒྱུགས་རའི་སྒྲིག་སྲོལ།ཡིད་རྟོན་སློབ་གསོ།ཤ་ཚའི་དྲན་སྐུལ་སོགས་ཀྱི་དྲིལ་བསྒྲགས་དང་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ།དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་བརྒྱུད།འཕྲིན་ཐུང་ཐེངས་མང་བཏང་ནས་ཡིག་རྒྱུགས་བཀོད་སྒྲིག་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་དྲན་སྐུལ་བྱས་ཏེ་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་རེད། རྒྱུགས་སྤྲོད་ས་ཚིགས་ཁག་གིས་རྒྱུགས་སྤྲོད་རིང་ཉི་གདུགས་མཁོ་འདོན་བྱས་པའི་ཁར་ཅ་དངོས་ཉར་ཚགས་ཁང་དང་།བདེ་འཇགས་འཐུང་ཆུའི་ས་ཚིགས།སྨན་བཅོས་ཞབས་ཞུའི་ས་ཚིགས་བཅས་བཀོད་སྒྲིག་བྱས་ཏེ།རྒྱུགས་སྤྲོད་སློབ་མ་བློ་བདེའི་ངང་རྒྱུགས་སྤྲོད་ཐུབ་པར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།ཟླ་10ཚེས་19ཉིན་བོད་ཀྱི་2024ལོའི་དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་བདེ་བླག་ངང་གཏོང་འགོ་ཚུགས་ཤིང་། ལྗོངས་ཡོངས་སུ་རྒྱུགས་ཁུལ་7དང་།རྒྱུགས་གནས་11 རྒྱུགས་ར་397བཅས་བཙུགས་ཡོད་པ་དང་།རྒྱུགས་སྤྲོད་སློབ་མ་8000ཙམ་རྒྱུགས་སྤྲོད་ནང་ཞུགས་པ།ལས་དོན་པ་2000ལྷག་ཙམ་རྒྱུགས་སྤྲོད་ཀྱི་འབྲེལ་ཡོད་འགན་ལེན་ལས་དོན་ནང་ཞུགས་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社