ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ད་ལོའི་ཟླ་5ནས་བཟུང་ལྷ་ས་གྲོང་ཁྱེར་གླིང་སྐོར་ལམ་དང་།པེ་ཅིང་ལམ།ཅང་སུའུ་ལམ་སོགས་གཞུང་ལམ་12ཀྱི་གྲོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་ཤིང་།རྡོ་སེང་གེ་ལམ(གླིང་སྐོར་བྱང་ལམ་ནས་ཅང་སུའུ་ལམ་གྱི་ལམ་མདོའི་བར)ཟླ་10ཚེས་15ཉིན་དངོས་སུ་ལས་འགོ་ཚུགས་པ་རེད།
རྡོ་སེང་གེ་ལམ(གླིང་སྐོར་བྱང་ལམ་ནས་ཅང་སུའུ་ལམ་གྱི་ལམ་མདོའི་བར)གྱི་འགྲོ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1.2ཡོད་ཅིང་། ར་བ་བསྐོར་རྗེས་འགྲོ་ལམ་གྱི་སྣུམ་ནག་ལམ་ངོས་བཤུ་བ་དང་མདོང་ལམ་བཟོ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད། རྣམ་གྲངས་དེའི་འཆར་གཞི་ལྟར་ན་ལམ་དུམ་བུ་དེར་མདོང་ལམ་རྐྱང་པ་འདིང་རྒྱུ་ཡིན་པ་དང་།པེ་ཅིང་དཀྱིལ་ལམ་ནས་ལྷོ་ངོས་སུ་ཚངས་ཐིག་ལ་སྨི་1ཡོད་པའི་མདོང་ལམ་ས་འོག་ཏུ་འཇུག་རྒྱུ་དང་།པེ་ཅིང་དཀྱིལ་ལམ་ནས་གླིང་སྐོར་བྱང་ལམ་དུ་སྐྱོད་སའི་ལམ་དུམ་དུ་ཚངས་ཐིག་ལ་སྨི་1.4ཡོད་པའི་མདོང་ལམ་ས་འོག་ཏུ་འཇུག་རྩིས་ཡོད། མདོང་ལམ་དེ་དག་གིས་ཆར་ཆུ་དང་བཙོག་ཆུ་འགྲོ་སའི་ལས་འགན་ཁུར་ནས་ཆུ་རྒྱས་པའི་དུས་སུ་ཆུ་འབུད་ཤར་བགྲོད་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་རེད། གཞུང་ལམ་དེའི་ཞེང་ཚད་ལ་སྨི་12ཙམ་ལས་མེད་པས།མདོང་ལམ་གཉིས་ས་འོག་ཏུ་སྦས་ན་མཐའ་འཁོར་གྱི་གྲོང་མིར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དེར་བརྟེན་གྲོང་མིའི་འཚོ་བར་འགོག་རྐྱེན་མི་ཕོག་པར་བྱ་ཆེད་ལམ་དུམ་བུ་དེར་མདོང་ལམ་རྐྱང་པ་འདིང་རྒྱུ་ཡིན་པས། ཨར་ལས་ཀྱི་དགོས་མཁོ་དང་གྲོང་མིའི་ཁེ་ཕན་དོ་མཉམ་བྱུང་བར་མ་ཟད།ལས་གྲྭ་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་ཀྱང་བྱས་པ་དང་དུས་མཚུངས་སུ་མཐའ་འཁོར་གྱི་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།
ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་ལག་རྩལ་གྱི་འགན་འཁུར་བ་ཀྲང་ཅན་གྱིས་ཨར་ལས་བྱེད་རིང་ཉེ་འཁོར་གྱི་ཡུལ་མི་རྣམས་རྒྱུན་གཏན་ངང་ཤར་བགྲོད་ཐུབ་ཆེད།ང་ཚོས་གཞུང་ལམ་གྱི་ནུབ་ངོས་སུ་ཞེང་ཚད་ལ་སྨི་3.5ཡོད་པའི་གནས་སྐབས་འཁོར་ལམ་བཟོས་ནས་ཚང་མར་ཕྱིར་སྐྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད།
ཨར་ལས་གང་མགྱོགས་ལེགས་འགྲུབ་ཡོང་ཆེད།ཨར་ལས་བྱེད་མཁན་ཕྱོགས་ཀྱིས་ཚོགས་ཆུང་མང་པོ་ཞིག་མཉམ་དུ་ལས་ཀ་བཀོད་སྒྲིག་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་ཡུན་ཐུང་དུ་གཏོང་རྩིས་བྱས་ཡོད། དེ་དང་ཆབས་ཅིག་ཆུ་ཚོད་24ཡི་རིང་རྒྱུན་ཆད་མེད་པར་ཨར་ལས་བྱས་ནས་ལས་གྲྭའི་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་རྒྱུ་རེད། ཀྲང་ཅན་གྱིས་ང་ཚོས་འཛེར་སྒྲ་ཅུང་ཆེ་བའི་ལས་ཀ་དེ་ཉིན་མོར་བཀོད་སྒྲིག་གང་ཐུབ་བྱ་རྒྱུ་དང་མཚན་མོར་གཙོ་བོ་མདོང་ལམ་དཔྱང་འདེགས་བྱེད་པ་སོགས་འཛེར་སྒྲ་ཅུང་ཆུང་བའི་ལས་ཀ་བྱ་རྩིས་ཡོད།གཞན་ཡང་ང་ཚོས་ད་དུང་མཐའ་འཁོར་གྱི་གྲོང་མི་དང་ཚོང་དུད་ལ་དྲིལ་བསྒྲགས་ཤོག་བྱང་སྤྲད་དེ་ཁོང་ཚོར་ཨར་ལས་ཀྱི་འཆར་གཞི་ཤེས་སུ་འཇུག་རྒྱུ་དང་འབྲེལ་ཁོང་ཚོས་ང་ཚོའི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།ཨར་ལས་བྱེད་རིང་ཨར་ལས་བྱེད་མཁན་ཕྱོགས་ཀྱིས་ལམ་དུམ་དེའི་ལམ་མདོར་ཕྱོགས་སྟོན་བྱང་བུ་གསལ་པོ་ཞིག་བཙུགས་ནས་སྔ་སྣུར་དུ་ཁ་ལོ་བར་ཡང་དག་པའི་ཁ་ཕྱོགས་གསལ་བཤད་བྱས་ཏེ།རླངས་འཁོར་གྱི་འགྲོ་ཕྱོགས་ལ་ཁྲིད་སྟོན་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་ཤར་བགྲོད་ཀྱི་འགན་ལེན་མི་སྣ་བཀོད་སྒྲིག་བྱས་ཏེ་འགྲིམ་འགྲུལ་ཉེན་རྟོག་པར་འགྲིམ་གྲུལ་བཀོད་འདོམས་བྱེད་རོགས་བྱས་ཏེ་འགྲིམ་འགྲུལ་ཤོར་གཏོང་ཐབ་ཚད་སྔར་བས་མཐོ་རུ་བཏང་བ་རེད། དེ་ལས་གཞན།ཕྱི་ནང་གསལ་བའི་ར་བ་བསྐོར་ནས་མཐོང་རྒྱ་ཇེ་ཆེར་བཏང་ཡོད་པས་མཐོང་ལམ་བསྒྲིབས་ནས་ཕར་ཕྱོགས་ཀྱི་རླངས་འཁོར་མཐོང་མི་ཐུབ་པའི་གནད་དོན་བསལ་བས།ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་སྟེང་གི་རླངས་འཁོར་དང་འགྲུལ་པ་རྣམས་བདེ་འཇགས་ངང་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད།
གླེང་རིན་ཡོད་པ་ཞིག་ནི་ཨར་ལས་ཁུལ་གྱི་སློབ་གྲྭ་ནས་ཁྱིམ་བདག་གིས་སློབ་མ་སྐྱེལ་བསུ་བྱེད་པའི་གནད་དོན་ལ་དམིགས་ཏེ་ཨར་ལས་བྱེད་མཁན་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུའི་ཁས་ལེན་བྱས་ཡོད། འཆར་གཞི་ལྟར་ཨར་ལས་བྱས་ནས་བདེ་འཇགས་དང་ལས་ཕྱོད་འགན་ལེན་བྱེད་པ་དང་འབྲེལ་ཉེ་འཁོར་དུ་ཉེན་བརྡའི་མཚོན་རྟགས་དང་ཁྲིད་སྟོན་མཚོན་རྟགས་བཙུགས་ནས་ཁྱིམ་བདག་དང་སློབ་མ་བསྐོར་ནས་འགྲོ་བའམ་ཡང་ན་སྐྱེལ་བསུ་བྱ་ཡུལ་གསར་པ་འཚོལ་རོགས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་དང་འབྲེལ་གཏུགས་དམ་ཟབ་བྱས་ནས་སློབ་ཁྲིད་ཀྱི་སྒྲིག་ལམ་དང་ཁྱིམ་བདག་གིས་སློབ་མ་སྐྱེལ་བསུ་བྱེད་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།
ཀྲང་ཅན་གྱིས་ལས་གྲྭ་དེ་ཟླ་བརྒྱད་པའི་ཟླ་དཀྱིལ་དུ་ཅང་སུའུ་ལམ་གྱི་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་འབྲེལ་བདེ་བླག་ངང་རླངས་འཁོར་ཤར་གཏོང་ཐུབ་ཡོད། པེ་ཅིང་ལམ་དེ་བདེ་སྐྱིད་ལམ་མདོ་ནས་ཐེན་ཧའེ་ལམ་མདོ་བར་ཡིན་པ་དང་།ང་ཚོའི་འཆར་གཞི་ལྟར་ན།ཟླ་10པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་མོད།ཟླ་10ཚེས་14ཉིན་སྣུམ་ནག་ལམ་་བཏིང་ཟིན་པས་དེ་སྔོན་གཏན་འཁེལ་བའི་འཆར་གཞི་ལས་ཟླ་ཕྱེད་ཀྱིས་སྔ་བ་ཡོད། གཞན་ཡང་།གླིང་སྐོར་ནུབ་ལམ་དེར་ཟླ་10ཚེས་15ཉིན་ཤར་བགྲོད་ཀྱི་ཆ་རྐྱེན་འཛོམས་ཡོད། གླིང་སྐོར་བྱང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་2ཙམ་ཡོད་པ་དང་མིག་སྔར་ཆུ་རིས་རྩད་ཞིབ་ཚད་ལེན་དང་སྣུམ་ནག་ལམ་འོག་གི་ལས་དོན་སྤེལ་བཞིན་ཡོད་པས་ང་ཚོས་འཆར་གཞི་བྱས་ན་ཟླ་10པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་རྡོ་སེང་གེ་ལམ་གྱི་སྒྱུར་བཀོད་ལས་གྲྭ་ནི་ལམ་བུ་12སྒྱུར་བཀོད་ནང་གི་མཇུག་ཤོས་དེ་ཡིན་པ་དང་སྔོན་དཔག་བྱས་ན་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ལས་མཇུག་འགྲིལ་རྒྱུ་རེད། སྐབས་དེར་ཚང་མར་དེ་བས་ཐོགས་མེད་ཤར་བགྲོད་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་རེད། ཨར་ལས་བྱེད་རིང་ཨར་ལས་ཕྱོགས་ཀྱིས་ཚང་མའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་སྙིང་དབུས་ནས་བྱེད་ཀྱི་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社