ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་ཅུས་སོགས་ཀྱི་ཚན་པས་མཉམ་འབྲེལ་བྱས་ཏེ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་རང་གྲོང་གི་ཡུལ་སྐོར་ཁྲོམ་རར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱ་ཡུལ་གཙོ་བོའི་གྲས་སུ། ཡུལ་སྐོར་ལས་དོན་ཁང་དང་། དཔེ་ཚོང་ཁང་། ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཡུལ་སྐོར་པར་ལེན་ཁང་བཅས་ཚུད་ཡོད། དེའི་དམིགས་ཡུལ་ནི་རིག་གནས་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་བཏང་ནས་གྲོང་མི་དང་ཡུལ་སྐོར་བར་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཡུལ་སྐོར་གྱི་ཁོར་ཡུག་ཅིག་བཏོད་དེ་ཚང་མས་དགའ་སྤྲོ་དང་། ཞི་མཐུན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རྒྱལ་སྟོན་གྱི་གུང་གསེང་སྐྱིད་པོ་ཞིག་གཏོང་ཐུབ་པའི་འགན་ལེན་བྱ་ཆེད་ཡིན་པ་རེད།
མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་གྲོང་ཁུལ་ནང་གི་ཡུལ་སྐོར་ལས་དོན་ཁང་མང་པོ་ཞིག་གི་གཉེར་སྐྱོང་ཐོབ་ཐང་དང་ཞབས་ཞུའི་སྤུས་ཚད་ལ་ཞིབ་བཤེར་ཏན་ཏིག་བྱས་པ་རེད། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འཛིན་མི་སྣས་ཡུལ་སྐོར་ལས་དོན་ཁང་གི་ལས་གཉེར་ལག་ཁྱེར་དང་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་སོགས་ཞིབ་དཔྱད་བྱས་པ་དང་འབྲེལ། ཡུལ་སྐོར་ལམ་ཐིག་གི་ཞབས་ཞུའི་བརྒྱུད་རིམ་ཁག་གཅིག་ལའང་ཞིབ་བཤེར་བྱས་པ་རེད། ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཡུལ་སྐོར་པར་ལེན་ཁང་མང་པོ་ཞིག་ལ་བཅར་འདྲི་བྱས་ནས་རིན་གོང་གསལ་པོར་འཁོད་པའི་གནས་ཚུལ་ལ་ཞིབ་བཤེར་དང་ཞབས་ཞུའི་བརྒྱུད་རིམ་ཤེས་རྟོགས་བྱས་པར་མ་ཟད། ཡུལ་སྐོར་བའི་མྱོང་ཚོར་དངོས་ཀྱི་ཐད་སྐད་ཆ་ཡང་དྲིས་པ་རེད།
ཉང་བྲན་ལམ་གྱི་ལྷ་སའི་ལྟེ་བའི་དཔེ་གྲོང་དུ། མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་དཔེ་སྐྲུན་དངོས་པོའི་པར་དབང་གནས་ཚུལ་ལ་དམིགས་བསལ་གྱིས་དོ་ཁུར་བྱས་ནས་དཔེ་ཁང་དེའི་ལས་གཉེར་ལག་ཁྱེར་དང་དཔེ་སྐྲུན་དངོས་པོ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་ལ་ཞིབ་བཤེར་ཏན་ཏིག་བྱས་པ་རེད། ཁྲིམས་འཛིན་མི་སྣས་བྲིན་ཁ་རྒྱུག་པའི་བརྩམས་སྒྲུང་དང་། བསླབ་གཞིའི་ཟུར་ཁྲིད་དཔྱད་གཞི། རིག་གཞུང་ཆེད་རྩོམ་སོགས་གླེང་མང་བའི་དཔེ་དེབ་ལ་གཙོ་གནད་ཐོག་ཟུར་བཤེར་བྱས་པ་དང་། སྔོན་ནས་གྲ་སྒྲིག་བྱས་པའི་དེབ་ངོ་མའི་གསལ་ཐོ་ཞིབ་བསྡུར་བྱས་ཏེ་དཔེ་དེབ་འཚོང་བའི་པར་ཤོག་ཐོག་གི་དཔེ་སྐྲུན་ཆ་འཕྲིན་དེ་པར་མ་ངོ་མའི་ཆ་འཕྲིན་དང་གཅིག་མཚུངས་ཡིན་མིན་ཐད་ཞིབ་དཔྱད་བྱས་པ་དང་འབྲེལ་དཔེ་ཁང་གིས་མཁོ་འདོན་བྱས་པའི་ཉོ་སྒྲུབ་འཛིན་ཤོག་ལ་ཞིབ་དཔྱད་བྱས་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社