分享按钮

ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱས་པ།

སྨན་བཅོས་འགན་སྲུང་ལས་དོན་ནི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་གཞི་རྩའི་སྨན་བཅོས་འགན་སྲུང་གི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་དམིགས་ནས་སྨན་བཅོས་འགན་སྲུང་གི་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ལམ་ལུགས་གསུམ་གྱི་ཕྱོགས་བསྡུས་འགན་སྲུང་གི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ནད་གཞིའི་རྐྱེན་པས་དབུལ་པོར་བསྐྱར་ལོག་ཡོང་བའི་གནད་དོན་སྔོན་འགོག་དང་སེལ་བའི་ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ནད་གཞིའི་རྐྱེན་པས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་གནད་དོན་མི་ཐོན་པའི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་དགོས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས།

འགན་བཅོལ་ནང་ཞུགས་མཁན་ལ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་བཏང་ནས་གཞི་རྩའི་སྨན་བཅོས་ལ་འགན་སྲུང་ཐུབ་པར་བྱས་པ།

ལྷུན་གྲུབ་རྫོང་ཐང་མགོ་གྲོང་ཚོའི་མཚོ་མོའི་ཁྱིམ་དུ་མི་7ཡོད་པ་དང་། ལོ་ཤས་གོང་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད། 2023ལོའི་ཟླ་6པར་ནང་མིར་གློ་བུར་དུ་ནད་གཞི་ཚབས་ཆེན་ཕོག་ནས་ནད་གཞི་ཚབས་ཆེན་ཕོག་པའི་དཀའ་ངལ་ཡོད་པའི་དུད་ཚང་ནང་བཅུག་སྟེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་ངོས་འཛིན་བྱས་པ་རེད། མཚོ་མོས་དྲིན་ཚོར་བའི་ངང་ད་ལོ་ང་ཚོའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་སྲིད་གཞུང་གི་ཁ་གསབ་རོགས་དངུལ་དེ་མི་རེར་ལོ་རེར་སྒོར་707.5བར་མང་དུ་བཏང་ཡོད། ཡིན་ནའང་། ལག་ཐོགས་ཁ་པར་ཐོག་གྲོན་དངུལ་འཇལ་སྐབས་སྒོར་38ལས་སྤྲོད་མི་དགོས་པས་གྲོང་ཚོའི་སྨན་བཅོས་འགན་བཅོལ་གྱི་ཆེད་ལས་པར་བློ་འདྲི་བྱས་རྗེས་གཞི་ནས་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱིས་ང་ཚོ་གློ་བུར་དུ་ནད་ཀྱི་རྐྱེན་གྱིས་འཕྲད་པའི་དཀའ་ངལ་ཚབས་ཆེན་ཡོད་པའི་དུད་ཚང་ལ་བཅད་གྲངས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་།མི་སྒེར་གྱིས་རིམ་པ་མཐོ་ཤོས་གཞིར་བཟུང་སྒོར་38ལས་སྤྲོད་མི་དགོས་པ་དང་། ལྷག་མ་རྣམས་སྨན་བཅོས་རོགས་སྐྱོབ་མ་དངུལ་ནས་སྤྲོད་དགོས་པ་ཤེས་རྟོགས་བྱུང་། ང་ཚོ་ནང་མི་བདུན་པོས་ཁྱོན་སྒོར་266སྤྲད་པར་སྒོར་2394གྲོན་ཆུང་ཐུབ་ཀྱི་འདུག དངུལ་སྨར་ཡོང་འབབ་མང་པོ་མེད་པའི་ང་ཚོའི་ངོས་ནས་བཤད་ན་འགྲོ་སོང་ཧ་ཅང་མང་པོ་ཞིག་གྲོན་ཆུང་ཐུབ་སོང་ལ། སྨན་བཅོས་འགན་བཅོལ་ནང་ཞུགས་པས་རོགས་སྐྱོར་བྱེད་པའི་སྲིད་ཇུས་མང་པོ་ལོངས་སྤྱིད་བྱ་རྒྱུ་བྱུང་བས་ང་ཚོའི་འཚོ་བའི་ཁུར་པོ་ཡང་དུ་བཏང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་སྒྲོལ་མི་འབོར་བཅས་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་པ་ནི་བར་བརྒལ་དུས་སྐབས་ཀྱི་སྨན་བཅོས་འགན་བཅོལ་དོན་འཁྱོལ་ཡག་པོ་བྱེད་པའི་ཕྱོགས་བསྡུས་རོགས་སྐྱོར་གྱི་འགན་འཁྲིའི་གཞི་རྩའི་བླང་བྱ་ཡིན་ལ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བའི་ལས་འགན་ཨང་དང་པོའང་ཡིན། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཞི་རྩའི་སྨན་བཅོས་འགན་ལེན་ཡོད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཀུན་ཕན་རང་བཞིན་གྱི་སྒོ་ནས་འགན་བཅོལ་ནང་ཞུགས་མཁན་གྲོང་མི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་སྦྲགས། གཏན་འབེབས་གཞིར་བཟུང་རིགས་དབྱེའི་མ་དངུལ་དོན་འཁྱོལ་ཡག་པོ་བྱེད་པ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་འགན་བཅོལ་ནང་ཞུགས་པའི་ལས་དོན་ལ་རོགས་རམ་བྱེད་པ། སྨན་བཅོས་རོགས་སྐྱོར་ཐད་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། དྭ་ཕྲུག ཚབས་ཆེའི་དབང་པོ་སྐྱོན་ཅན། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དབུལ་པོ་བསྐྱར་ལོག་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ། དེ་བཞིན་བར་བརྒལ་དུས་སྐབས་ཀྱི་ཡོང་འབབ་དམའ་བའི་མི་འབོར་བཅས་འགན་བཅོལ་ནང་ཞུགས་རྒྱུར་རོགས་སྐྱོར་བྱས་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་གྱི་ནད་བཅོས་ལམ་ལུགས་འགན་ལེན་ཐུབ་པར་བྱས་པ་རེད། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་སྒྲོལ་མི་འབོར་འགན་བཅོལ་ནང་ཞུགས་ཚད་མུ་མཐུད་བརྟན་པོ་བྱུང་བ་དང་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་99ཡན་ཟིན་པ་དང་། 2024ལོར་སྨན་བཅོས་རོགས་སྐྱོར་མ་དངུལ་གྱིས་རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་2.35ལ་རོགས་སྐྱོར་བྱས་པ་དང་རོགས་སྐྱོར་དངུལ་གྲངས་སྒོར་ཁྲི་792.62ཟིན་ཡོད་པ་རེད།

ཐོབ་ཐང་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་གནད་སྨིན་རོགས་སྐྱོར་ལ་བརྟེན་ནས་ཁུར་པོ་ཡང་དུ་བཏང་བ།

ངག་དབང་མཚོ་མོ་ནི་འདམ་གཞུང་རྫོང་སྟོད་གླིང་གྲོང་ཚོའི་མ་མཐའི་འཚོ་བའི་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་གཞོན་ནུ་མ་ཞིག་ཡིན་ཞིང་། རྐང་པ་གཉིས་འགུལ་སྐྱོད་མི་བདེ་བས། ད་ལོའི་ཟླ་7པར། ཧྲང་ཧའེ་ཀའོ་པོ་སྐྲན་ནད་སྨན་ཁང་གིས་ཞིང་ཆེན་བསྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པར་སྨན་རིན་སྒོར་ཁྲི་32.63ཕྱིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོར་བཅས་བརྒྱུད་ནས་ཞིང་ཆེན་བསྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་གཅིག་འཐུས་རྣམ་པའི་སྨན་རིན་རྩིས་ཞུ་བྱས་པར་སྒོར་ཁྲི་32.09ཟིན་པ་དང་། མི་སྒེར་གྱིས་སྒོར་ཁྲི་0.54ལས་འཇལ་དགོས་བྱུང་མེད། སྨན་ཁང་ནས་ཐོན་རྗེས། ངག་དབང་མཚོ་མོའི་པཱ་ལགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་།སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་བཟང་པོར་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཁོང་གིས་སྨན་བཅོས་འགན་སྲུང་ཅུས་སུ་ཐོ་འགོད་སྙན་སེང་ཞུས་རྗེས་ལྗོངས་ཕྱིའི་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་ཆོག་པ་དང་། སྨན་ཁང་ནས་ཐོན་སྐབས་ཁོང་ཚོས་ང་ཚོར་སྨན་བཅོས་རོགས་སྐྱོར་བྱ་ཡུལ་ཡིན་པ་གསལ་བཤད་བྱས་བྱུང་། སྨན་བཅོས་རོགས་སྐྱོར་དང་སྨན་བཅོས་འགྲོ་གྲོན་རེ་ཞུ་བྱེད་པ་སོཊ་ཡུལ་གཞན་དུ་དྲ་སྦྲེལ་བྱས་ནས་ཐད་ཀར་རྩིས་རྒྱག་གི་ཡོད་པས་ང་ཚོས་མ་དངུལ་མང་པོ་སྔོན་སྤྲོད་བྱེད་མི་དགོས་ལ་འཛིན་ཤོག་འབོར་ཆེན་ཁྱེར་ནས་བོད་དུ་རྩིས་ཞུ་ཡང་བྱེད་མི་དགོས། སྨན་བཅོས་ཀྱི་འགྲོ་གྲོན་སྒོར་ཁྲི་32ལྷག་ཙམ་ཟིན་ཕྱིན་པའི་ནང་ང་ཚོས་སྒོར་5000ལྷག་ཙམ་ལས་སྤྲོད་དགོས་ཀྱི་མི་འདུག གལ་ཏེ་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་དེ་མེད་ཚེ་ངའི་ཕྲུ་གུས་ནམ་ཡང་གོམ་པ་སྤོ་མི་ཐུབ་ཅེས་བཤད།

སྨན་བཅོས་འགན་སྲུང་གི་ཐོབ་ཐང་བརྟན་པོ་དང་སྲ་བརྟན་དུ་གཏོང་རྒྱུ་ནི་ནད་གཞིའི་རྐྱེན་པས་དབུལ་པོར་འགྱུར་བའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། བར་བརྒལ་དུས་སྐབས་ནས་བཟུང་།ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་ཕྱོགས་བསྡུས་རོགས་སྐྱོར་སྲིད་ཇུས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འདྲ་མཉམ་ཀུན་ཕན་མཐའ་འཁྱོངས་བྱས་པ་དང་ནད་ཆེན་འགན་བཅོལ་གྱིས་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་པའི་མི་འབོར་བཅས་ལ་ཐོག་མའི་གཏོང་སྤྲོད་བྱེད་ཚད་བརྒྱ་ཆ་50དམའ་རུ་བཏང་བ་དང་། རྩིས་ཞུའི་བསྡུར་ཚད་ཀྱི་བརྒྱ་ཆའི་གྲངས་5མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་སྨན་བཅོས་རོགས་སྐྱོར་གྱི་ཐ་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། དྭ་ཕྲུག ཚབས་ཆེའི་དབང་པོ་སྐྱོན་ཅན་བཅས་ལ་གཏན་འབེབས་ལྟར་གྲོན་དངུལ་ཆ་ཚང་སྤྲོད་དགོས་པ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། མཐར་ལུས་དབུལ་པོར་འགྱུར་སླ་བའི་མི་འབོར། མ་མཐའི་འཚོ་བའི་འགན་ལེན་གྱི་མཐར་ལུས་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཏན་འབེབས་ལྟར་གྲོན་དངུལ་སྤྲོད་དགོས་པའི་བཅད་གྲངས་རོགས་སྐྱོར་བྱེད་དགོས་པ་དང་། གོང་གསལ་གྱི་རོགས་སྐྱོར་བྱ་ཡུལ་ཚང་མ་མ་ལག་ནང་རོགས་སྐྱོར་གྱི་ཐོབ་ཐང་ཡོད་པའི་མཚོན་རྟགས་བཀོད་ཡོད་པ་དང་སྨན་བཅོས་གྲོན་དངུལ་རྐྱང་པའི་ཐོག་ནས་རྩིས་རྒྱག་དགོས། 2024ལོའི་ལོ་སྟོད་དུ་ཡོང་འབབ་དམའ་བ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱི་སྨན་ཁང་དུ་སྡོད་པ་དང་། སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞིའི་སྨན་བཅོས་འགྲོ་གྲོན་འགན་ལེན་བྱས་པར་མི་ཐེངས་6490ཟིན་པ་དང་། སྨན་བཅོས་ཀྱི་སྤྱིའི་འགྲོ་གྲོན་ལ་སྒོར་ཁྲི་3073.05ཟིན་པ། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་འགན་ལེན་གསུམ་གྱི་མ་དངུལ་སྒོར་ཁྲི་2816.8བཏང་བས་འགན་ལེན་བྱེད་ཚད་བརྒྱ་ཆ་91.65ཟིན་ཡོད་པས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཏན་ཏིག་ཕྱིན་ཡོད་པ་རེད།

ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁར་སྔོན་འགོག་བྱས་པ།

2023ལོའི་ཟླ་10པར་མལ་གྲོ་གུང་དཀར་རྫོང་རིན་ཆེན་གླིང་གྲོང་ཚོའི་ཡུལ་མི་བསྟན་འཛིན་ལ་མཆིན་པའི་འབྲས་སྐྲན་ཚབས་ཆེན་གྱི་ནད་གཞི་ཕོག་པ་གཏན་འཁེལ་བྱས་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-09 6 6 拉萨日报藏文 c189204.html 1 ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱས་པ། /enpproperty-->