(པར་ངོས་དང་པོར་མཐུད)
ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་སྤྱི་གཉེར་བ་ཁྲེན་ཅ་ལིན་གྱིས་ལས་གྲྭ་འདི་སྔོག་འདྲུའི་ལས་དོན་མང་པོ་དང་འབྲེལ་བ་ཡོད། གཅིག་གྱུར་གྱི་འཆར་འགོད་གང་ལེགས་བྱས་པ་བརྒྱུད། ལས་དོན་མང་པོ་ཞིག་མཉམ་དུ་ལེགས་གྲུབ་བྱུང་ཞིང་། དེའི་ཁྲོད་ཆར་ཆུ་དང་བཙོག་འབུད་ཀྱི་མདོང་ལམ་གཙོ་བོ་ཁྱོན་ཡོངས་ནས་རིམ་སྤོར་དང་སྒྱུར་བཀོད་བྱས་ཏེ་ལམ་རྒྱུད་ཀྱི་ཁུལ་ཆུང་དང་། ཚན་པ། ཚོང་ཁང་བཅས་ཀྱི་ཆུ་འདྲེན་དང་ཆུ་འབུད་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་། རྣམ་གྲངས་དེ་དང་འབྲེལ་ནས་བསྔོགས་པའི་དུས་མཚམས་ལ་བརྟེན་ནས་ཆུ་མཁོ་འདོན་དང་། གློག་ཤུགས། འཕྲིན་གཏོང་སོགས་ཀྱི་མདོང་ལམ་དང་སྐུད་ལམ་རིམ་སྤོར་བྱས་ཏེ་ཡང་བསྐྱར་སྔོག་འདོན་བྱ་མི་དགོས་པ་བྱས་པ། ལམ་ངོས་ལ་གནོད་སྐྱོན་ཐེབས་པ་དང་། ཁྲོན་པའི་ཁ་རྡིབ་པ་སོགས་ཀྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱ་རྒྱུ་མ་ཟད། ཐེངས་འདིར་བསྔོགས་པའི་གོ་སྐབས་དང་བསྟུན་ནས་མི་བགྲོད་ལམ་དང་། ལམ་སྒྲོན། སྔོ་འགྱུར་སྒྲིག་ཆས་སོགས་དུས་གཅིག་ཏུ་རིམ་སྤོར་སྒྱུར་བཀོད་བྱས་ཏེ་ཡང་བསྐྱར་སྔོག་པའི་ལས་དོན་ཉུང་དུ་གཏོང་བའི་ཕན་འབྲས་ཐོན་པ་བྱ་རྒྱུ་རེད་ཅེས་བཤད།
ཨར་ལས་ལ་བརྟེན་ནས་སྒྱུར་བཀོད་བྱས་པ་བརྒྱུད། གྲོང་ཁྱེར་གྱི་ཆར་ཆུ་འགྲོ་སའི་མདོང་ལམ་གྱི་ཆུ་འབུད་སྔར་བས་ཤར་གཏོང་ཐུབ་རྒྱུ་དང་བཙོག་ཆུའི་མདོང་ལམ་གྱི་ཆུ་འབུད་ནུས་པའང་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་མདོང་ལམ་དྲ་བའི་སྤུས་ཚད་དང་ནུས་པའང་ཕྱོགས་ཡོངས་ནས་རིམ་སྤོར་ཐུབ་ནས་དེའི་བེད་སྤྱོད་ཀྱི་ལོ་ཚད་རིང་དུ་འགྲོ་རྒྱུ་མ་ཟད། རྒྱུན་གཏན་རང་བཞིན་གྱི་ཉམས་གསོའི་དབང་གིས་གྲོང་མི་ཕྱིར་སྐྱོད་ལ་ཤུགས་རྐྱེན་ཕོག་ཤུགས་ཀྱང་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད། ཁྲེན་ཅ་ལིན་གྱིས་རྣམ་གྲངས་དེའི་སྔོག་འདོན་གྱི་བརྒྱུད་རིམ་ཁྲོད། ང་ཚོས་དེ་སྔོན་ས་འོག་ཏུ་སྦས་པའི་མདོང་ལམ་རྙིང་པ་ཁག་ཅིག་རྟག་ཏུ་སྔོག་འདོན་བྱེད་ཀྱི་ཡོད། མདོང་ལམ་དེ་དག་ལས་མང་ཆེ་བའི་ཁ་ཞེང་ཧའོ་སྨི་800ནས་1200བར་ཡོད། གླིང་སྐོར་བྱང་ལམ་དུ་གསར་དུ་བསྐྲུན་པའི་ཆུ་འབུད་མདོང་ལམ་གྱི་ཁ་ཞེང་དེ་སྔའི་ཧའོ་སྨི་800ནས་ད་ལྟ་སྨི་1.2བར་ཆེ་རུ་བཏང་ཡོད་པ་དང་། བཙོག་ཆུའི་མདོང་ལམ་གྱི་ཁ་ཞེང་དེའང་དེ་སྔའི་སྨི་1.2ནས་ད་ལྟ་སྨི་1.6བར་ཆེ་རུ་བཏང་ཡོད། གྲོང་ཁྱེར་གྱི་བཙོག་འབུད་དང་། འབྲུབ་འགོག འཁྱིལ་ཆུ་ཕྱིར་འབུད་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད། མིག་སྔར་ཅང་སུའུ་ལམ་གྱི་ཨར་ལས་ལེགས་གྲུབ་ཟིན་པ་དང་གླིང་སྐོར་བྱང་ལམ་གྱི་མ་ལམ་གཙོ་བོའི་བརྒྱ་ཆ་80ལེགས་གྲུབ་ཟིན་ཡོད། སྔོན་དཔག་བྱས་པ་ལྟར་ན། རྡོ་སེང་གེ་ལམ་དུམ་དེ་ཟླ་10ཚེས་8ཉིན་ནས་ལས་འགོ་འཛུགས་རྒྱུ་དང་ཟླ་11པའི་ཟླ་དཀྱིལ་དུ་ལས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།
པེ་ཅིང་ནུབ་ལམ་དང་འགག་སྒོའི་ལམ་མདོའི་འདྲེས་མཚམས་སུ། གཞི་གཅིག་ཅན་གྱི་ཆུ་འཐེན་ས་ཚིགས་ཤིག་གོ་རིམ་ལྡན་ལ་ནུས་པ་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་བཞིན་ཡོད། ཆུ་འཐེན་ས་ཚིགས་དེ་ནི་གྲོང་ཁྱེར་གྱི་ཆུ་འབུད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཐའ་འཁོར་ས་ཁོངས་ཀྱི་ཆར་ཆུ་དང་བཙོག་ཆུ་བསྡུ་རུབ་དང་། མཐོར་འདེགས། ཕྱིར་འབུད་བཅས་ཀྱི་ལས་འགན་འཁུར་གྱི་ཡོད་པ་རེད། འཕྲུལ་ཆས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་བཙོག་ཆུ་ཟམ་མི་ཆད་པར་ཆུ་འཐེན་ས་ཚིགས་སུ་འཐེན་པ་དང་སླར་ཡང་ཐག་གཅོད་རབ་དང་རིམ་པ་བྱས་རྗེས་མཐར་བདེ་འཇགས་ངང་གཏན་འཁེལ་བྱས་པའི་ཆུ་ནང་དུ་ཕྱིར་འབུད་བྱེད་ཀྱི་ཡོད། གཞི་གཅིག་ཅན་གྱི་ཆུ་འཐེན་ས་ཚིགས་དེ་ནུས་ཆེའི་ངང་འཁོར་སྐྱོད་བྱས་པ་དེས་ས་ཁོངས་དེའི་ཆུ་འབུད་ཀྱི་གནོན་ཤུགས་ནུས་ལྡན་ངང་ཆུང་དུ་ཕྱིན་པར་མ་ཟད། ད་དུང་གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་ཀྱི་བདེ་འཇགས་འགན་ལེན་དང་གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
གཞུང་ལམ་སྔ་ཙམ་ཤར་བགྲོད་ཐུབ་པར་བརྩོན་ལེན་བྱས་ནས་དམངས་འཚོའི་བདེ་སྐྱིད་ལ་ཕན་པ་འདོགས་ཆེད། ཨར་ལས་ཀྱི་ལས་ཡུན་གྱི་བླང་བྱ་གཞིར་བཟུང་། ཨར་ལས་རྣམ་གྲངས་པུས་ཨར་ལས་སྒྲིག་འཛུགས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། ཆུ་ཚོད་24ཡི་རིང་། ལས་ཐེངས་གསུམ་བྱས་ནས་བར་མཚམས་མེད་པར་ཨར་ལས་བྱེད་པ་དང་འབྲེལ་ལས་ཡུན་ལྡོག་སྒྲིག་དང་། མི་སྣ། སྒྲིག་ཆས། དངོས་ཟོག་སོགས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གྲྭའི་འཕེལ་རིམ་མགྱོགས་སུ་བཏང་ཡོད་པ་རེད། དེ་དང་ཆབས་ཅིག་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཀྱི་ཚོད་འཛིན་ནན་པོ་བྱས་ནས་གཏན་འཁེལ་བྱས་པའི་ལས་ཡུན་ལྟར་སྤུས་འབོར་གཉིས་ལྡན་གྱི་འཛུགས་སྐྲུན་ནང་དོན་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད། ཁྲེན་ཅ་ལིན་གྱིས་ཨར་ལས་བྱེད་རིང་། འཕྲུལ་ཆས་ཆེ་གྲས་ཀྱི་ལས་ཀ་དང་དེ་བཞིན་ཨར་ལས་བྱ་ཡུལ་ཧྲིལ་པོའི་ལམ་འགོག་གི་སྒྲིག་ཆས་ཀྱི་དབང་གིས་ལམ་ངོས་ཀྱི་འགྲོ་སྐྱོད་ཞེང་ཚད་དང་ནུས་པར་གནོན་ཤུགས་ངེས་ཅན་ཞིག་འཕྲད་ཡོད། ང་ཚོས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་མི་ཕྱིར་སྐྱོད་སྐབས་སྟབས་མི་བདེ་བའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་ལ། རྒྱ་ཆེའི་གྲོང་མི་ཚོས་ང་ཚོའི་ལས་དོན་ལ་བསམ་ཤེས་བྱས་ནས་ཐུན་མོང་ཐོག་ལྷ་ས་གྲོང་ཁྱེར་གྱི་རྣམ་པར་སྒྱུར་བཀོད་དང་ལེགས་སུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社