ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ས་ཁང་བདག་དབང་ཁྲོམ་རའི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། སྙན་ངག་དང་ཆང་རག་གི་ཕ་ཡུལ་དང་འཚོ་སྡོད་དང་འཚམ་པའི་སི་ཁྲོན་ཞིང་ཆེན་ཧྲེ་ཧུང་གྲོང་ཁྱེར་གྱི་སྤུས་ཚད་འོས་སྦྱོར་དང་སྤུས་ལེགས་ཐོག་ཁང་གི་འགྲེམས་སྟོན་ནུབ་བྱང་བྱ་སྤྱོད་བོད་དུ་སྐྱོད་ཅེས་པའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད།
བྱེད་སྒོའི་ཐོག སི་ཁྲོན་ཞིང་ཆེན་ཧྲེ་ཧུང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བོད་དུ་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་ཡུལ་མི་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཧྲེ་ཧུང་ནས་ཡིན་པའི་སྐད་གྲགས་ཆེ་བའི་ས་ཁང་བདག་དབང་གསར་སྤེལ་གྱི་ཁེ་ལས་མང་པོ་ཞིག་གིས་ཧྲེ་ཧུང་གྲོང་ཁྱེར་གྱི་སྤུས་ལེགས་ཀྱི་ཁང་པའི་དཔེ་དབྱིབས་འཁྱེར་ཡོད་པ་དང་། ཁང་པའི་དཔེ་དབྱིབས་དེ་དག་གི་ཇུས་འགོད་ཀྱི་འདུ་ཤེས་དང་། འཛུགས་སྐྲུན་གྱི་ཉམས་འགྱུར་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པར་མ་ཟད། ལེ་ལག་ཚང་བའི་སྒྲིག་བཀོད་དང་སྡོད་ཁང་ཁོར་ཡུག་སོགས་ཀྱི་ཐད་གང་སར་ཧྲེ་ཧུང་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོཊ་ཀྱི་ལོ་རྒྱུས་དང་། བསྟུན་མཁས་རང་བཞིན་ལྡན་པའི་དེང་རབས་ཅན་གྱི་ཉམས་འགྱུར་མངོན་ཡོད། བྱེད་སྒོ་སྤེལ་ཡུལ་དུ། སྤུས་ལེགས་ཐོག་ཁང་འགྲེམས་སྟོན་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་། བློ་འདྲི་བྱེད་པའི་སྐད་ཆའི་སྒྲ་ཡང་ཡང་ཐོས་ཤིང་། ས་ཁང་བདག་དབང་ཁེ་ལས་ཁག་གིས་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་བློ་འདྲི་བའི་དོགས་གནད་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་པ་དང་རྣམ་གྲངས་ཀྱི་ཆ་འཕྲིན་ངོ་སྤྲོད་ཞིབ་ཕྲ་བྱས་ནས་འགྲེམས་སྟོན་ནང་ཞུགས་མཁན་ལྟད་མོ་བར་ངོ་ཐུག་གདོང་འཕྲད་ཀྱིས་བློ་འདྲི་དང་ཁང་ཁུངས་འདེམས་སུ་བཅུག་པས་ཁོང་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
ཞིང་པ་ལས་མིའི་འཐུས་མི་ལིའུ་ཀྲེ་ཆང་གིས་བྱེད་སྒོའི་ཁྲོད། ཕ་ཡུལ་གྱི་ཁང་པ་ཉོ་བའི་སྲིད་ཇུས་གསར་པ་ཁག་གཅིག་འགྲེལ་བཤད་བརྒྱབ་པས་ང་ཚོར་ཁང་པ་ཉོ་བའི་ཁུར་པོ་ཡང་དུ་ཕྱིན་སོང་། ཕ་ཡུལ་གྱིས་ང་ཚོར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ང་ཚོས་ཕྱི་ཕྱོགས་སུ་ལས་ཀ་བྱེད་སྐབས་གདེང་ཚོད་དང་ངར་ཤུགས་དེ་བས་ཆེ་རུ་ཕྱིན་སོང་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོས་ས་གནས་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་འགོ་གསར་པ་བཙུགས་པ་དང་། ས་གནས་གཉིས་པོའི་ས་ཁང་བདག་དབང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ནས་དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་དང་། མི་དམངས་ཀྱི་སྡོད་གནས་སྤུས་ཚད་མཐོ་རུ་བཏང་སྟེ། ས་གནས་གཉིས་པོའི་ས་ཁང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社