ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་རྫོང(ཆུས)ཁག་གི་གཙོ་གནད་ལས་རིགས་སྡེ་ཚན་གྱི་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར།གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་རྫོང(ཆུས)ཁག་གི་མི་60ལྷག་ཙམ་སྒྲིག་འཛུགས་བྱས་ནས་2024ལོའི་དུས་ཐེངས་གཉིས་པའི་མྱུར་སྐྱོབ་པའི་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་གློ་སྙིང་སླར་གསོ་དང་། ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་བྱེད་ཐབས། རྨས་སྐྱོན་རོགས་སྐྱོབ། རྒྱུན་མཐོང་གི་དོས་དྲག་ནད། བསམ་ཡུལ་ལས་འདས་པའི་གནོད་འཚེ་ཐག་གཅོད་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད། གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་གདན་དྲངས་པའི་ཆེད་ལས་འཆད་ཁྲིད་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་། ཡུལ་དངོས་སུ་དཔེ་སྟོན་བྱེད་པ། ལག་ལེན་བཀོལ་སྤྱོད། འདྲ་བཟོའི་ནང་སྦྱོང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་སློབ་མ་ཚོར་གསོན་ཉམས་དོད་ལ་ཞིབ་ཚགས་པའི་སློབ་ཁྲིད་བྱས་ཤིང་། གསོ་སྦྱོང་བྱ་ཡུལ་དུ་སློབ་སྦྱོང་གི་རྣམ་པ་ཟབ་མོ་དང་། གློ་སྙིང་སླར་གསོའི་རྩལ་ནུས་སྦྱོང་བརྡར་བྱེད་པའི་བརྒྱུད་རིམ་ནང་འཆད་ཁྲིད་དགེ་རྒན་གྱིས་འདྲ་བཟོའི་མིའི་བྲང་ཁོག་ནས་གནོན་པ་དང་།མི་ཐབས་ཀྱིས་དབུགས་རྔུབ་དུས་དོ་སྣང་བྱེད་དགོས་པའི་དོན་ཚན་གང་དག་ཡོད་པ་གསལ་སྟོན་བྱས་པར་མ་ཟད། སློབ་མ་རྣམས་ལ་རེ་རེ་བཞིན་དུ་སྦྱོང་བརྡར་བྱ་རྒྱུའི་མཛུབ་ཁྲིད་ཀྱང་བྱས་ཏེ་ཚང་མས་འགག་རྩའི་རྩལ་ནུས་འདི་ཉིད་ཁོང་དུ་ཆུད་པར་བྱས་ཡོད། རྨས་སྐྱོན་སྐྱོབ་སྲུང་གི་སློབ་ཚན་ནང་སློབ་མ་ཚོས་ཁྲག་འགོག་པ་དང་རྨ་རས་དཀྲི་བ་སོགས་ཀྱི་ལག་རྩལ་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་ཕན་ཚུན་རྨས་སྐྱོན་ཕོག་པའི་རྣམ་པར་ལད་མོ་བྱས་ནས་ཚང་མས་དངོས་སུ་ལག་ལེན་བྱས་ཡོད། དེ་དང་ཆབས་ཅིག་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་དང་ལག་ལེན་དངོས་ཀྱི་དཔྱད་ཞིབ་ནན་པོ་བྱས་ཏེ་ཁོང་ཚོས་སྦྱངས་པའི་མྱུར་སྐྱོབ་ཀྱི་ཤེས་བྱ་དང་རྩལ་ནུས་དག་དོན་དངོས་ལག་ལེན་ནང་སྤྱད་དེ་ཐོལ་བྱུང་གི་དོན་རྐྱེན་ཐོན་སྐབས་རྨས་མ་ཚོར་དུས་ཐོག་ཏུ་རོགས་སྐྱོབ་ནུས་ལྡན་ཐུབ་པར་བྱེད་པ་དང་།ཚེ་སྲོག་སྐྱོབ་པའི་དུས་ཚོད་ཡག་ཤོས་ལ་དམ་འཛིན་ཐུབ་པར་བྱས་ཡོད། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཞའོ་ལིས་སླད་ཕྱིན་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་རང་ངོས་ཀྱི་ལེགས་ཆ་མུ་མཐུད་ནས་འདོན་སྤེལ་བྱེད་པ་དང་། འཕྲལ་སྡོམ་མྱུར་སྐྱོབ་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མྱུར་སྐྱོབ་ཀྱི་ཤེས་བྱ་དང་རྩལ་ནུས་རྒྱུན་ཆད་མེད་པར་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ་མི་དེ་བས་མང་བ་ཞིག་འགག་རྩའི་དུས་སུ་ཚེ་སྲོག་སྐྱོབ་མཁན་ལ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社