分享按钮

སྐབས་དང་པོའི་བོད་ཀྱི་ཐང་གའི་སྒྱུ་རྩལ་ གཟའ་འཁོར་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོ་དེ་རང་གྲོང་དུ་སྤེལ་བ་རེད། ཐེངས་འདིའི་སྒྱུ་རྩལ་གཟའ་འཁོར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་ཐང་ག་དར་སྤེལ་གཏོང་བ་དང་རྒྱུན་འཛིན་བྱས་ནས་ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་པ་དང་ཆབས་ཅིག་ཐང་གའི་སྒྱུ་རྩལ་ཐོན་ལས་ཅན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ལམ་བུ་འཚོལ་ཞིབ་བྱ་ཆེད་ཡིན་པ་རེད།

བྱེད་སྒོ་དེ་བོད་ལྗོངས་ཐང་གའི་མཐུན་ཚོགས་འགྲེམས་ཁང་དུ་སྤེལ་འགོ་ཚུགས་ཤིང་། སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་དང་བསྟུན་ནས་ཐང་གའི་སྒྱུ་རྩལ་གྱི་འགྲེམས་སྟོན་དངོས་སུ་འགོ་ཚུགས་པ་རེད། ཐང་གའི་སྒྱུ་རྩལ་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ལྷ་རིས་བ་བཅས་མཉམ་དུ་འཛོམས་ནས་རིག་གནས་ཀྱི་དོན་ཆེན་དེ་ཐུན་མོང་ཐོག་བདེན་དཔང་བྱས་ཡོད། སྒྱུ་རྩལ་གཟའ་འཁོར་རིང་། ངོ་མཚར་ཆེ་བའི་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཞིང་། ལག་བྲིས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ཆེན་མོ་དེ་ཐེངས་འདིའི་བྱེད་སྒོའི་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་པ་དང་། ལྷ་རིས་བ་ཚོས་རྩེར་སོན་གྱི་ལག་རྩལ་དང་དད་སེམས་ཀྱི་རྣམ་འགྱུར་ཐོག་ནས་ལྟད་མོ་བ་ཚོར་ཐང་ག་འབྲི་བའི་ལྷུ་ཚིགས་རེ་རེ་བཞིན་མངོན་པར་བྱས་ཏེ་ལྟད་མོ་བ་ཚོར་ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་དུ་བཅུག་པ་རེད།

བོད་ལྗོངས་ཐང་གའི་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་འཇིགས་མེད་ཀྱིས་ཐེངས་འདིའི་རིག་རྩལ་གཟའ་འཁོར་ནི་བོད་ལྗོངས་ཐང་གའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་བརྒྱུད་ཐང་གའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་བྱེད་པ་དང་འབྲེལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་ཟུང་འབྲེལ་གྱིས་བོད་ཀྱི་ཡུལ་སྐོར་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

གླེང་རིན་ཡོད་པ་ཞིག་ནི་སྒྱུ་རྩལ་གཟའ་འཁོར་རིང་ད་དུང་ཐང་གའི་སྒྱུ་རྩལ་མྱོང་རོལ་གྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ་དང་གྲོང་མི་ཡོངས་ལ་ཐང་གའི་སྤྲོ་སྣང་ཉམས་སུ་མྱོང་དུ་བཅུག་པ་དང་། ཉམས་ལེན་གྱི་བྱེད་སྒོའི་ནང་ཞུགས་པ་བརྒྱུད་གྲོང་མི་དང་ཡུལ་སྐོར་བར་ཐང་གའི་སྒྱུ་རྩལ་གྱི་ལོ་རྒྱུས་དང་ནང་དོན་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཐུབ་པར་བྱས་ཡོད། སྐབས་དང་པོའི་བོད་ཀྱི་ཐང་གའི་སྒྱུ་རྩལ་གཟའ་འཁོར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་། སྲུང་སྐྱོབ། འཕེལ་རྒྱས་བཅས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། བོད་ཀྱི་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-06 6 6 拉萨日报藏文 c189041.html 1 སྐབས་དང་པོའི་བོད་ཀྱི་ཐང་གའི་སྒྱུ་རྩལ་ གཟའ་འཁོར་འགོ་ཚུགས་པ། /enpproperty-->