ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོས་སློབ་གྲྭ་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཡོད་པ་རེད།
དགེ་རྒན་དང་། སློབ་གྲོགས། དེ་བཞིན་སློབ་གྲྭའི་འཕེལ་རྒྱས་ལ་སེམས་ཁུར་བྱེད་མཁན་ལས་རིགས་ཁག་གི་སྤྱི་ཚོགས་མི་སྣ་བཅས་ཀྱིས་སློབ་གྲྭར་བཅངས་པའི་བརྩེ་བའི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ནས་སློབ་གྲྭར་མཉམ་འཛོམས་བྱས་ཏེ་སློབ་གྲྭ་བཙུགས་ནས་ལོ་ངོ་20འཁོར་བའི་འཁྲུངས་སྐར་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། ཁོང་ཚོས་དང་ཐོག་སློབ་གྲྭའི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་ནས་སློབ་གྲྭའི་ལོ་རྒྱུས་ཁང་ནང་ནས་སློབ་གྲྭ་གཉེར་བའི་བརྒྱུད་རིམ་ལ་བལྟས་པ་དང་།རྒན་རབས་ཚོས་སློབ་གྲྭའི་འཕེལ་རྒྱས་ཆེད་དཀའ་སྤྱད་འབད་བརྩོན་བྱས་པ་ཤེས་རྟོགས་ཐུབ་ཡོད། དོན་དག་གལ་ཆེན་གྱི་ཟིན་ཐོ་ནི་སློབ་གྲྭ་འཚར་ལོངས་བྱུང་བའི་མཚོན་རྟགས་ཤིག་ཡིན་ལ་སློབ་གྲྭའི་སློབ་ཁྲིད་དང་། ཚན་ཞིབ། རིག་རྩལ་སོགས་ཕྱོགས་གང་ཅིའི་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་དཔང་པོ་བྱས་པ་ཞིག་ཀྱང་ཡིན།
དེ་རྗེས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་སློབ་གྲྭ་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་ལོ་ངོ་ཉི་ཤུའི་རིང་སློབ་གྲྭས་དཀའ་སྤྱད་ལས་སྒྲུབ་བྱེད་པ་དང་དཀའ་སྤྱད་སྙིང་རུས་ཀྱིས་སློབ་གྲྭ་གཉེར་བའི་བརྒྱུད་རིམ་དང་དེ་བཞིན་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་དང་ཆབས་ཅིག་སློབ་གྲྭར་སེམས་ཁུར་དང་། མཛུབ་ཁྲིད། རོགས་རམ། རྒྱབ་སྐྱོར་བཅས་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཕུལ་བྱུང་གི་སློབ་ཐོན་སློབ་མ་ཚོས་ཀྱང་གཏམ་བཤད་སྤེལ་ཞིང་། ཁོང་ཚོས་དེ་སྔ་སློབ་གྲྭར་སློབ་སྦྱོང་བྱེད་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་བརྗེད་པར་དཀའ་བ་ནི་སྔར་གྱི་མཛེས་སྡུག་ལྡན་པའི་སློབ་གྲྭའི་དུས་སྐབས་དང་། དགེ་རྒན། སློབ་གྲོགས་བཅས་ཀྱི་རོགས་རམ་དང་དེ་བཞིན་སློབ་གྲྭའི་ཡིད་དུ་འོང་བའི་ཁོར་ཡུག་དག་ཡིན་པ་རེད།
ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོའི་ཕུལ་བྱུང་གི་སློབ་ཐོན་སློབ་མ་མིག་དམར་སྒྲོལ་མས་སླར་ཡང་མ་ཡུམ་སློབ་གྲྭར་ལོག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མ་ཡུམ་སློབ་གྲྭར་སློབ་སྦྱོང་བྱས་ནས་ལོ་གསུམ་སྡོད་རིང་། ངས་ཤེས་བྱ་མང་དག་ཅིག་ཤེས་བྱུང་། བྱམས་བརྩེའི་བཀའ་དྲིན་མཚུངས་མེད་ཀྱི་རྒན་ལགས་ཚོས་གསོ་སྦྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ད་ཆ་སློབ་གྲྭར་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཁོར་ཡུག་ཡོད་པར་མ་ཟད། སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་ཀྱང་ཡོད་ཅིང་། རིག་ནུས་ཅན་གྱི་སློབ་ཁང་དང་སྒྲིག་ཆས་ཆ་ཚང་བའི་ཚོད་ལྟ་ཁང་གིས་སློབ་མ་ཚོར་སློབ་སྦྱོང་གི་བར་མཐོངས་རྒྱ་ཆེན་མཁོ་འདོན་བྱས་ཡོད། ཚེ་རིང་དབྱངས་གྲུབ་ནི་སློབ་གྲྭ་དང་མཉམ་དུ་འཚར་ལོངས་བྱུང་བའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་སློབ་གྲྭར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་དཔང་པོ་བྱས་ཡོད།
ཚེ་རིང་དབྱངས་གྲུབ་ཀྱིས་ས་ཆ་གཞན་དུ་སློབ་གྲྭ་གཉེར་བ་དེས་སྔོན་ཆད་སློབ་གྲྭ་གཉེར་བའི་མ་གནས་མཐོ་བ་དང་དགེ་རྒན་མི་སྡོད་པའི་གནད་དོན་ཐག་གཅོད་ཐུབ་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社