ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་བཏང་ནས་བདེ་འཇགས་དང་སྟབས་བདེའི་གློག་གསོག་ཁོར་ཡུག་ཅིག་གཏོད་ཆེད། ཚལ་གུང་ཐང་ཁྲོམ་གཞུང་གིས་བྱ་དགའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་སྡེ་ལས་ཀྱིས་གློག་སྒུལ་འཁོར་རིགས་འཇོག་ས་ཧུར་ཐག་བསྐྲུན་ཚེ་བྱ་དགའ་སྒོར་ཆིག་སྟོང་སྤྲོད་པའི་རྣམ་པའི་ཐོག་ནས་སྡེ་ལས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཏེ། སྡེ་ཁུལ་དོ་དམ་ཁྲོད་དེའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་པ་དང་། སྡེ་ཁུལ་གོ་རིམ་ལྡན་པའི་སྒོ་ནས་དོ་དམ་དང་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།
ཉེ་ཆར། གསར་འགོད་པ་སྔ་རྗེས་སུ་ཁྲུན་ཅང་ཡུན་ཏི་ཁུལ་ཆུང་དང་། དྲིན་སྐྱོང་གླིང་ཁུལ་ཆུང་། མལ་གྲོའི་ཁུལ་ཆུང་བཅས་སུ་བསྐྱོད་པ་རེད། ཁུལ་ཆུང་དུ་སླེབས་མ་ཐག་དང་ཐོག་མིག་ལམ་དུ་འཆར་བ་ནི་གསར་དུ་བསྐྲུན་པའི་བཟོ་བཀོད་ལེགས་པའི་གློག་སྒུལ་འཁོར་རིགས་འཇོག་ཁང་ཡིན་པ་དང་། སྡེ་ལས་ལས་དོན་པ་ཞིག་གིས་གློག་སྒུལ་འཁོར་རིགས་འཇོག་ཁང་ནང་གློག་སྒུལ་རྐང་འཁོར་རེ་རེ་བཞིན་གྲལ་འགྲིག་པོས་འཇོག་བཞིན་པ་མཐོང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གློག་སྒུལ་འཁོར་རིགས་འཇོག་ཁང་དེ་དག་ནི་སྲ་ཞིང་བརྟན་པའི་ལྕགས་ཀྱི་གྲུབ་ཆ་དང་མེ་ཟོན་རྒྱུ་ཆ་སྤྱད་དེ་བསྐྲུན་པ་དང་། གློག་སྒུལ་འཁོར་རིགས་འཇོག་ཁང་ནང་ད་དུང་གློག་མིག་དང་། གློག གློག་གསོག་ཀ་བ། མེ་གསོད་ཡོ་ཆས་སོགས་སྒྲིག་སྦྱོར་བྱས་པར་མ་ཟད། མངོན་གསལ་དོད་སར་རིན་བསྡུའི་ཚད་གཞི་སོགས་སྦྱར་ཡོད་པ་རེད། ཁྲུན་ཅང་ཡུན་ཏི་ཁུལ་ཆུང་གི་གྲོང་མི་ཀྲང་ཆང་གིས་གློག་སྒུལ་འཁོར་རིཊ་འཇོག་ཁང་བསྐྲུན་མེད་པའི་སྐབས་སུ་གནད་དོན་གཙོ་ཆེ་ཤོས་ནི་བདེ་འཇཊ་ཀྱི་མི་མངོན་པའི་རྐྱེན་ངན་ཡིན་པས་བར་ཁྱམས་སུ་གློག་གསོག་ཚེ་མེ་སྐྱོན་ཐོན་སླ་པོ་ཡོད། ད་ཆ་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད། གློག་གསོག་རྒྱུར་དེ་བས་སྟབས་བདེ་རུ་ཕྱིན་ཡོད་པས་ངའི་ངོས་ནས་བཤད་ན་ཡག་པོ་འདུག་ཅེས་བཤད།
ཚལ་གུང་ཐང་ཁྲོམ་གཞུང་གིས་བཏོན་པའི་བྱ་དགའི་ལམ་སྲོལ་དེས་སྡེ་ཁུལ་དོ་དམ་ཁྲོད་ཀྱི་སྡེ་ལས་ཀྱི་རང་སྟོབས་ནུས་པ་གང་ལེགས་འཕེལ་བ་དང་། སྡེ་ལས་ཀྱིས་འགན་ནུས་དེ་བས་ལེགས་པའི་སྒོ་ནས་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་མིར་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པའི་འཚོ་སྡོད་ཀྱི་ཁོར་ཡུག་ཅིག་བཏོད་པ་མ་ཟད། བྱ་དགའི་ལམ་སྲོལ་དེས་ད་དུང་ཁྲོམ་གཞུང་གཞན་དག་ལ་སྡེ་ཁུལ་དོ་དམ་དང་གློག་སྒུལ་རྐང་འཁོར་དོ་དམ་སོགས་ཐད་དཔྱད་གཞིར་འཛིན་ཆོག་པའི་རིན་ཐང་མཁོ་འདོན་བྱས་ཡོད། མིག་སྔའི་བར། ཚལ་གུང་ཐང་ཁྲོམ་གཞུང་ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་14ཡིས་གློག་སྒུལ་འཁོར་རིགས་འཇོག་ཁང་24བདེ་བླག་ངང་བསྐྲུན་ཡོད། ཚལ་གུང་ཐང་ཁྲོམ་གཞུང་གྲོང་ཁྱེར་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཁྲེང་ཧུའུ་ཡིས་ཕྱིས་འབྱུང་ང་ཚོས་དོ་དམ་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ། ཁུལ་ཆུང་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང། དམངས་སེམས་ཀྱི་སྐྱིད་སྣང་ལེགས་སུ་བཏང་ནས་ཁུལ་ཆུང་གི་གློག་སྒུལ་རྐང་འཁོར་ལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་གློག་སྒུལ་རྐང་འཁོར་འཇོག་ཁང་ཡོད་པ་དང་བདེ་འཇགས་ཡོང་བར་བྱས་ནས་གྲོང་མིར་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་ལ་སྟབས་བདེ་བའི་འཚོ་བའི་ཁོར་ཡུག་ཅིག་གཏོད་པ་དང་།གློག་སྒུལ་རྐང་འཁོར་དོ་དམ་གྱི་ལས་ཀ་སྔར་ལས་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社