分享按钮

ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་གྲོང་གསར་གྱི་རྒུན་འབྲུམ་འདེབས་འཛུགས་ར་བས་ལོ་རེར་ཡུལ་སྐོར་བ་ཁྲི་50ལྷག་ཙམ་ལ་སྣེ་ལེན་ཞུས་པ།

པར་འདི་ནི་ཡུལ་སྐོར་བས་རྒུན་འབྲུམ་ར་བའི་ནང་རྒུན་འབྲུམ་གྱི་བྲོ་བ་མྱོང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གུང་གསེང་རིང་གྲོང་མི་མང་པོ་ཞིག་ཤིང་འབྲས་ལྡུམ་རར་ཡོང་ནས་ཤིང་འབྲས་འཐུ་བ་དང་ཤིང་འབྲས་ཀྱི་བྲོ་བ་མྱོང་གི་ཡོད།ཉིན་ཤས་གོང་།གསར་འགོད་པ་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་གྲོང་གསར་གྱི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་འདེབས་འཛུགས་ར་བར་སྐྱོད་སྐབས།ལྡུམ་རའི་ནང་གི་སྔོ་ཐིང་ཐིང་གི་རྒུན་འབྲུམ་གྱི་ལོ་འདབ་རབ་ཏུ་རྒྱས་ཤིང་། སྤུས་ཀ་ལེགས་པའི་རྒུན་འབྲུམ་ཕྲེང་སྟར་རེ་རེ་བཞིན་མུ་ཏིག་སྟར་ལ་རྒྱུས་པ་བཞིན་ཡོད།དེ་ལས་འཐུལ་བའི་དྲི་ཞིམ་གྱིས་མི་རྣམས་འགྲམ་ཆུ་དབང་མེད་དུ་ལྡང་བཞིན་མཆིས།

ཉིན་དེར་རྒུན་འབྲུམ་འདེབས་འཛུགས་ར་བར་སྐྱོད་སྐབས་ཡུལ་སྐོར་བ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་རྒུན་འབྲུམ་འཐུ་བཞིན་ཡོད་ཅིང་། ཁོང་ཚོས་སྨིན་ཟིན་པའི་རྒུན་འབྲུམ་འཐུ་ཞོར་དུ་གྲོགས་པོ་དང་མཉམ་དུ་ལོ་ལེགས་ཀྱི་དགའ་སྤྲོ་མྱོང་རོལ་བྱེད་བཞིན་ལྷིང་འཇགས་དང་མཛེས་སྡུག་ལྡན་པའི་དུས་ཚོད་ལ་ལོངས་སུ་སྤྱོད་བཞིན་མཆིས།

གྲོང་མི་ལི་ཧྲའོ་ཧྲན་གྱིས་རྒུན་འབྲུམ་མངར་ཞིང་སོབ་ལ་བྲོ་བ་ཞིམ་པོ་འདུག ལྷ་སའི་ཉེ་འཁོར་དུ་ཆུ་ཚོད་ཕྱེད་ཀའི་ལམ་ཐག་ནང་མི་རྣམས་ཀྱི་དགའ་པོ་བྱེད་པའི་གནས་འདི་འདྲ་ཞིག་ཡོད་པས་དངོས་གནས་ཧ་ཅང་ཡག་པོ་འདུག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3600ཙམ་ཡོད་པའི་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ས་རྒྱུའི་ནང་ཆུ་འདྲེན་དང་ཆུ་སྲུང་གི་ནུས་པ་ཡག་པོ་ཡོད་པར་མ་ཟད།ཞོད་སྐྱོན་དང་ཐན་པ་ཡང་འགོག་ཐུབ་པས་རྒུན་འབྲུམ་སྐྱེ་རྒྱུར་ཧ་ཅང་འཚམ་པོ་ཡོད་མོད། འོན་ཀྱང་དཀའ་ངལ་མང་པོ་ཁྱད་བསད་བྱེད་དགོས་ཀྱི་ཡོད། ལོ་8རིང་ལག་ལེན་བྱས་པ་བརྒྱུད།ཆུ་ཤུར་རུང་ཧྲུན་འདེབས་འཛུགས་ཚོགས་པས་ས་བབ་ཧ་ཅང་མཐོ་བའི་རྒུན་འབྲུམ་འདེབས་འཛུགས་དང་རྒུན་འབྲུམ་ར་བའི་སྲུང་སྐྱོང་སོགས་ཀྱི་ལག་རྩལ་ལ་ཚད་བརྒལ་བྱུང་ནས་ས་བབ་ཧ་ཅང་མཐོ་བའི་སོན་གསོ་དང་། དཔྱིད་དུས་ཆུ་དཀོན་པའི་འདེབས་གསོ། རྒུན་འབྲུམ་དགུན་སྒྲོལ་སྲུང་སྐྱོང་སོགས་རྒུན་འབྲུམ་སྐྱེ་འཚར་དང་དེ་བཞིན་ས་བབ་ཧ་ཅང་མཐོ་བའི་རྒུན་འབྲུམ་ར་བ་སྲུང་སྐྱོང་གི་མ་ལག་ལག་རྩལ་རྦད་དེ་ཁོང་དུ་ཆུད་ཡོད། 2018ལོར་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི“ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་ར་བའི”མཚན་སྙན་ཐོབ་ཡོད། ས་བབ་དམའ་ཤོས་སྨི་3563.31གི་སར་གཙོ་བོ་ཝུའེ་ཏེར་སོགས་རྒུན་འབྲུམ་སྣ་ཁ་6འདེབས་འཛུགས་བྱེད་ཀྱི་ཡོད།

ཆུ་ཤུར་རུང་ཧྲུན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཕྱིར་ཚོང་འགན་འཁུར་བ་སུན་ལུང་གིས་མིག་སྔར་རྒུན་འབྲུམ་ར་བའི་རྟེན་གཞིར་ས་ཁྱོན་མུའུ་850ཡོད་པ་དང་ལོར་མུའུ་རེའི་ཐོན་ཚད་སྤྱི་རྒྱ་300ཙམ་ཟིན་གྱི་ཡོད།2019ལོ་ནས་དངོས་སུ་སྣེ་ལེན་བྱས་པ་ནས་བཟུང་།ལོ་ལྟར་ཡུལ་སྐོར་བ་ཁྲི་50ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་།ད་ལོའི་ཟླ་9ཚེས་14ཉིན་ནས་བཟུང་རྒུན་འབྲུམ་ར་བའི་ཤིང་འབྲས་འཐུ་བའི་མཐོ་རླབས་ཤིག་འཕྱུར་ཡོད་ཅེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c189006.html 1 ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་གྲོང་གསར་གྱི་རྒུན་འབྲུམ་འདེབས་འཛུགས་ར་བས་ལོ་རེར་ཡུལ་སྐོར་བ་ཁྲི་50ལྷག་ཙམ་ལ་སྣེ་ལེན་ཞུས་པ། /enpproperty-->