分享按钮

ཁྲེང་ཀོན་ཆུས་ཀྱིས་གཞོན་ནུ་ལོ་ཆུང་གི་ཉེས་གསོག་སྤྱོད་ལམ་འགོག་པའི་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ།

ལྷ་སའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞོན་པའི་དུས་ནི་ལུས་སེམས་མགྱོགས་མྱུར་འཚར་བའི་དུས་མཚམས་ཤིག་ཡིན་པ་དང་། ཡ་མཚན་གྱི་བསམ་པ་སྐྱེད་ཆེ་ལ་རང་གཅུན་གྱི་ནུས་པ་བལྟོས་བཅས་ཀྱིས་ཞན་པའི་དུས་མཚམས་ཤིག་ཡིན་པས། སློབ་འབྲིང་སློབ་མའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པར་མ་ཟད། ཞི་མཐུན་གྱི་སློབ་གྲྭ་བསྐྲུན་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཉིན་ཤས་གོང་། ཁྲེང་ཀོན་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའི་སྡེ་ཚོགས་ཨུ་ལྷན་གྱིས་ཀརྨ་དགོན་གསར་ཁྲོམ་གཞུང་དང་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པར་འབྲེལ་བ་བྱས་ནས། གཞོན་ནུ་ལོ་ཆུང་གི་ཉེས་གསོག་སྤྱོད་ལམ་འགོག་པའི་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

བྱེད་སྒོའི་ཁྲོད། བོད་ལྗོངས་གཞོན་ནུའི་བདེ་ཐང་སློབ་གསོའི་ལས་དོན་ཁང་གི་དགེ་རྒན་གཡང་འཛོམས་ཀྱིས་གཞོན་ནུའི་དུས་ཀྱི་གཟུགས་པོ་རྒྱུན་གཏན་ལྟར་འཚར་ལོངས་ཡོང་བའི་བརྒྱུད་རིམ་འགྲེལ་བཤད་བརྒྱབ་ནས། སློབ་མས་རང་ཉིད་ཀྱི་གཟུགས་པོའི་འགྱུར་ལྡོག་ངོས་འཛིན་ཡང་དག་ཐུབ་པར་བྱས་པ་དང་། མ་རྟོགས་པའི་དབང་གིས་ཁོང་ཚོ་དངངས་སྐྲག་དང་སོམ་ཉིའི་དྲ་བར་ཚུད་ཚད་ཉུང་དུ་བཏང་བ་རེད། དེ་དང་ཆབས་ཅིག་གཡང་འཛོམས་ཀྱིས་ད་དུང་འཁྲབ་སྟོན་བྱེད་པ་དང་། འདྲི་ཤོག་སྤྲོད་པ། དོགས་པ་འདྲི་བ་སོགས་ཀྱི་རྣམ་པའི་ཐོག་ནས་གཞོན་ནུའི་དུས་ལ་ལྟ་སྟངས་ཡང་དག་འཛིན་དགོས་ལུགས་དང་། ལྡོག་ཕྱོགས་ཀྱི་བསམ་ཚུལ་དོར་བ། ཉེས་པ་གསོག་གི་བྱ་སྤྱོད་རིང་དུ་སྤོང་བ། ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་པ་སོགས་ཀྱི་ཐད་འཁྲིད་སྟོན་བྱས་པ་རེད།

གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་ལོ་རིམ་བརྒྱད་པའི་འཛིན་གྲྭ(7)པའི་སློབ་མ་ཀུན་བཟང་དབང་གྲགས་ཀྱིས། དགེ་རྒན་གྱིས་ང་ཚོར་གཞོན་ནུའི་དུས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་ནས། ངས་རང་ཉིད་ཀྱི་གཟུགས་པོའི་འགྱུར་ལྡོག་ལ་ལྟ་སྟངས་ཡང་དག་འཛིན་སྟངས་ཤེས་བྱུང་ལ། ལྷག་པར་དུ་སློབ་གྲྭའི་དྲག་སྤྱོད་སོགས་ཡང་དག་མིན་པའི་སྤྱོད་ལམ་རྣམས་སྤོང་དགོས་ལུགས་ཤེས་བྱུང་། ང་ཚོའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་ཕྱིན་སོང་ཞེས་བཤད།

ཁྲེང་ཀོན་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའི་སྡེ་ཚོགས་ཨུ་ལྷན་གྱི་ལས་དོན་པ་ཁྲང་ཝེ་ཡོན་གྱིས། ཐེངས་འདིའི་བྱེད་སྒོ་སྤེལ་བ་དེས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད། ང་ཚོས་ཁྱིམ་ཚང་དང་སློབ་གྲྭར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ཁོར་ཡུག་ལ་ཐུན་མོང་ཐོག་དོ་ཁུར་བྱས་ཏེ། ཚུལ་མིན་སྤྱོད་ལམ་སྔོན་འགོག་བྱེད་དགོས། རྗེས་མར་ཁྲེང་ཀོན་ཆུས་སྡེ་ཚོགས་ཨུ་ལྷན་གྱིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་མུ་མཐུད་དོ་ཁུར་བྱས་ཏེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་བྱེད་སྒོས་སློབ་མར་དཔེ་དེབ་190ལྷག་ཙམ་དང་དྲིལ་བསྒྲགས་ཡིག་རིགས་80ལྷག་ཙམ་སྤྲད་པ་རེད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c189005.html 1 ཁྲེང་ཀོན་ཆུས་ཀྱིས་གཞོན་ནུ་ལོ་ཆུང་གི་ཉེས་གསོག་སྤྱོད་ལམ་འགོག་པའི་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ། /enpproperty-->