ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་ཁབ་ཀྱི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་འཐབ་ཇུས་དང་ལེན་ཧུར་ཐག་ཞུས་ནས། རང་གྲོང་གི་འབྲུབ་འགོག་ཆུ་འབུད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། གྲོང་ཁྱེར་ནང་ཁུལ་གྱི་འབྲུབ་འགོག་ཆུ་འབུད་མ་ལག་གི་འཛུཊ་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ལས་གཞི་སྤེལ་ཡོད། དེའི་ནང་ནས་མི་བགྲོད་ལམ་ལེཊ་སུ་གཏོང་རྒྱུ་དེ་ནི་ལས་གཞི་གལ་ཆེན་ཞིག་ཡིན།
ཟླ་10ཚེས་1ཉིན། གསར་འགོད་པ་རྣམ་གྲངས་འཛུགས་སྐྲུན་པ་དང་མཉམ་དུ་པེ་ཅིང་ལམ་རྒྱུད་དུ་བསྐྱོད་ཅིང་། ལམ་བར་དུ་མི་བགྲོད་ལམ་གསར་འདིང་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། བཟོ་པ་ཚོས་ལུས་ལ་བདེ་འཇགས་སྒྲིག་ཆས་སྤྲས་ཏེ་ལས་ཡུལ་དུ་སྐྱོད་བཞིན་པ་མཐོང་ཡོད། ཁོང་ཚོས་ལས་བགོས་ཁ་གསལ་བྱས་ནས་གཞོགས་འདེགས་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་ཅིང་། བཟོ་པ་ཁག་གཅིག་གིས་ཨར་འདམ་དང་བྱེ་འདམ་དཀྲུགས་ནས་རྒྱུ་ཆ་ཁག་ཚང་མའི་བསྡུར་ཚད་གནད་ལ་འཁེལ་ཞིང་འཕྱུགས་པ་མེད་པའི་འགན་ལེན་བྱས་ཏེ། སོ་ཕག་གསར་པ་འདིང་ཆེད་གྲ་སྒྲིག་གང་ལེགས་བྱེད་ཀྱི་ཡོད་པ་དང་། ཡང་བཟོ་པ་ཁག་གཅིག་གིས་ལམ་ངོས་ཀྱི་ཁོད་སྙོམས་ལས་དོན་ལ་བློ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད། ཁོང་ཚོས་ལག་ཏུ་ལག་ཆ་བཟུང་སྟེ། ཞིབ་ཚགས་ངང་གཤོང་ས་རྒྱོང་བ་དང་། ས་ཕག་གསར་པར་རྨང་གཞི་བརྟན་པོ་ཞིག་འདིང་གང་ཐུབ་བྱེད་བཞིན་ཡོད།
ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་སྤྱི་གཉེར་ཁྲེན་ཅ་ལིན་གྱིས། དེ་སྔའི་མི་བགྲོད་ལམ་གྱི་ཆུ་སིམ་པའི་སོ་ཕག་ལས་ལམ་ངོས་སུ་ཆུ་འཛགས་ནས་ཆུ་འབུད་མདོང་ལམ་གྱི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད། གནས་ཚུལ་འདིའི་རིགས་ལ་ལེགས་བཅོས་བྱ་ཆེད། ང་ཚོས་མི་བགྲོད་ལམ་དང་ཆུ་སིམ་པའི་སོ་ཕག་གི་ཇུས་འགོད་ཐད་ལེགས་བཅོས་བྱས་ཡོད། ལེགས་བཅོས་བྱ་ཐབས་འདིས་ཆུ་སིམ་པའི་སོ་ཕག་གི་སྤྱོད་ཡུན་རིང་དུ་ཕྱིན་ནས་མི་བགྲོད་ལམ་གྱི་ཆུ་འབུད་ནུས་པ་ཆེ་རུ་འགྲོ་ཐུབ་པར་མ་ཟད། གྲོང་ཁྱེར་གྱི་ཁོར་ཡུག་མཛེས་སུ་གཏོང་བའི་ཕན་འབྲས་ཀྱང་ཐོན་ཐུབ་ཀྱི་ཡོད་ཅེས་བཤད།
ཆུ་སིམ་པའི་སོ་ཕག་ནི་རྣམ་པ་གསར་བའི་ཁོར་ཡུག་སྲུང་སྐྱོང་གི་འཛུགས་སྐྲུན་རྒྱུ་ཆ་ཞིག་ཡིན་པའི་ཆ་ནས། ཆུ་སིམ་པའི་ནུས་པ་དང་གནོན་ཤུགས་འགོག་པའི་ནུས་པ་ལེགས་པོ་ལྡན་ཡོད་པ་དང་། ཆར་ཆུ་ས་འོག་ཏུ་སིམ་པ་དང་གྲོང་ཁྱེར་གྱི་ཆུ་འབུད་མ་ལག་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་ལ། དུས་མཚུངས་སུ་ས་འོག་ཆུའི་ཐོན་ཁུངས་ཁ་གསབ་དང་གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་ལེགས་བཅོས་བྱེད་ཐུབ་ཀྱི་ཡོད།
ཆུ་སིམ་པའི་སོ་ཕག་སྒྱུར་བཀོད་ལས་གཞིའི་ཨར་སྐྲུན་བྱ་ཡུལ་གྱི་མཐའ་འཁོར་དུ་སྐབས་རེ་འཕྲུལ་ཆས་ཀྱི་སྒྲ་གྲགས་པ་དང་གནས་སྐབས་བཀག་པའི་མི་བགྲོད་ལམ་གྱིས་གྲོང་མིའི་རྒྱུན་གཏན་འགྲོ་སྐྱོད་ལ་ཅུང་སྟབས་མི་བདེ་བ་བཟོས་ཡོད་མོད། འོན་ཀྱང་སྟབས་མི་བདེ་བའི་གནས་ཚུལ་དེར་གྲོང་མི་ཚོས་མི་འདོད་པའི་རྣམ་འགྱུར་དང་འཁང་ར་གང་ཡང་མི་བྱེད་པར་ཚང་མས་གྲོང་ཁྱེར་དེའི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
གྲོང་མི་ཀྲེང་ལགས་ཀྱིས།སྒྱུར་བཀོད་བྱེད་རིང་། ང་ཚོའི་འགྲོ་སྐྱོད་དང་རླངས་འཁོར་འཇོག་པར་སྟབས་བདེ་པོ་དེ་ཙམ་མེད་མོད། འོན་ཀྱང་གནས་སྐབས་ཀྱི་སྟབས་མི་བདེ་བ་དེ་དག་ཚང་མ་སླད་ཕྱིན་དེ་བས་སྟབས་བདེ་ཡོང་ཆེད་ཡིན་པས་བསམ་ཤེས་ཐུབ་ཀྱི་འདུག་ཅེས་བཤད།
ད་ཐེངས་ཀྱི་ཆུ་སིམ་པའི་སོ་ཕག་སྒྱུར་བཀོད་ལས་གཞི་དེ་ནི་རང་གྲོང་གིས་རྒྱལ་ཁབ་ཀྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་པ་ཞིག་དང་། ལྗང་མདོག་དང་། འབྱུང་ཁམས། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་གྲོང་ཁྱེར་ཁོར་ཡུག་བསྐྲུན་རྒྱུར་གཞོལ་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན། ལས་གཞི་དེས་མི་བགྲོད་ལམ་གསར་དུ་བཟོས་པ་ཙམ་མ་ཟད། ད་དུང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་རིམ་སྤོར་དང་། དེང་རབས་ཅན་གྱི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་དུ་བསྒྱུར་བའི་གོམ་སྟབས་གལ་ཆེན་ཞིག་ཀྱང་ཡིན། ཆུ་སིམ་པའི་སོ་ཕག་རྒྱ་ཁྱབ་ངང་སྤྱད་པ་དེས་གྲོང་ཁྱེར་གྱི་འགྲོ་ལམ་ཐོག་གི་བཀོལ་སྤྱོད་རང་བཞིན་དང་མཛེས་ཆ་ཆེ་རུ་ཕྱིན་པར་མ་ཟད། གྲོང་ཁྱེར་གྱི་འབྲུབ་འགོག་ཆུ་འབུད་ནུས་པ་ཆེ་རུ་ཕྱིན་ནས་གྲོང་མིར་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད།
ཁྲེང་ཅ་ལིན་གྱིས། མིག་སྔར་ཆུ་སིམ་པའི་སོ་ཕག་འདིང་བའི་ཨར་ལས་ཀྱི་བརྒྱ་ཆ་70ཙམ་ལེགས་གྲུབ་ཟིན་ཡོད། ང་ཚོས་ཟླ་10པའི་ཟླ་མཇུག་གི་གོང་དུ་ཆུ་སིམ་པའི་སོ་ཕག་འདིང་བའི་ཨར་ལས་ལས་འགན་ཚང་མ་ལེཊ་འགྲུབ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社