ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་པེ་ཅིང་བྱིས་པའི་སྨན་ཁང་གི་བོད་སྐྱོར་སྨན་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཀྲའོ་ཡུང་དང་། འགན་འཁུར་བ་ཕུར་བུ་ཚེ་རིང་། སྨན་བཅོས་ཙུའུ་ཀྲང་ཤེས་རབ་ཡོན་ཏན་བཅས་སྨན་པ་གསུམ་གདན་ཞུས་ལྟར་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཕྱོགས་བསྡུས་རླུང་འཕྲིན《གྲོང་ཁྱེར་གྱི་ཕྱོགས་སྟོན》ཐད་གཏོང་ཁང་དུ་ཕེབས་ནས་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་གི་འཕེལ་རྒྱས་དང་དེ་བཞིན་ནད་གཞིའི་སྨན་བཅོས་ཀྱི་ལས་དོན་སྐོར་སྤེལ་རེས་བྱས་པར་མ་ཟད། གསན་པ་པོས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཡང་བསྐྱོན་པ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་འདི་ཉིད་2016ལོར་བཙུགས་པ་དང་དེ་ནི་ལྗོངས་ཡོངས་སུ་རང་རྐྱ་འཕེར་བའི་ངང་བཙུགས་པའི་བྱིས་པའི་ཕྱི་ནད་ཚན་ཁག་དང་པོ་དེ་ཡིན་པ་རེད། 2021ལོར་པེ་ཅིང་གི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི་སྲིད་ཇུས་ཀྱི་སྐུལ་འདེད་འོག་བྱིས་པའི་ཕྱི་ནད་ཚན་ཁག་མགྱོགས་མྱུར་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ལྗོངས་ནང་ཁུལ་གྱི་ལག་རྩལ་མེད་པའི་སྟོང་ཆ་མང་པོ་གསབ་ཐུབ་པ་བྱུང་སྟེ་ལྗོངས་ཡོངས་ཀྱི་བྱིས་པའི་ཕྱི་ནད་ཚན་ཁག་གི་སྣེ་ཁྲིད་པར་གྱུར་ཡོད། 2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་ལོགས་སུ་བཙུགས་པ་དེ་ནི་མིག་སྔར་ལྗོངས་ཡོངས་ཀྱི་རང་རྐྱ་འཕེར་བའི་ངང་ཚན་ཁག་བཙུགས་པའི་བྱིས་པའི་ཕྱི་ནད་ཚན་ཁག་འབའ་ཞིག་དེ་རེད།
རླུང་འཕྲིན་ཐད་གཏོང་ཁང་དུ་སྨན་པ་གསུམ་པོས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་གི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་སྨན་བཅོས་བྱེད་པའི་ནད་གཞི་གཙོ་བོ་སོགས་ཀྱི་གནད་དོན་ལ་དམིགས་ནས་རྒྱ་ཆེའི་གསན་པ་པོ་དང་སྤེལ་རེས་བྱས་ཤིང་། ཁོང་ཚོས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་གསན་པ་པོར་རྙོག་འཛིང་ཆེ་བའི་གསོ་རིག་གི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་དུས་མཚུངས་གསན་པ་པོས་བཏོན་པའི་དྲི་བར་ལན་བསྐྱོན་པའི་ཁར་ཆེད་ལས་ཀྱི་གྲོས་འགོ་ཡང་བཏོན་ཡོད་པ་རེད།
མིག་སྔར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་གིས་རང་རྐྱ་འཕེར་བའི་ངང་བྱིས་པའི་ཕྱི་ནད་ཚན་ཁག་གི་གཤགས་བཅོས་མང་ཆེ་བ་བྱེད་ཐུབ་ཀྱི་ཡོད་པ་དང་དུས་མཚུངས་རིམ་བཞིན་བྱིས་པའི་བྲང་ཕྱི་དང་བྱིས་པའི་གཅིན་ཟགས་ཚན་ཁག་གི་ཆེད་ལས་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་སྐྱེད་སྲིང་དང་འཐུས་ཚང་དུ་གཏོང་བཞིན་ཡོད་པ་རེད། གྲུབ་འབྲས་དེ་དག་ནི་པེ་ཅིང་གི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་བྱུང་བ་ཞིག་རེད།
པེ་ཅིང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཁག་གསུམ་པའི་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མཐོང་བྱུང་། སླད་ཕྱིན་ང་ཚོས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་གསུམ་ནང་འདྲེན་བྱས་ཏེ་བོད་ཀྱི་བྱིས་པ་ནད་པ་དེ་བས་མང་བར་རོགས་རམ་བྱ་རྩིས་ཡོད། གཞན་ཡང་སྨན་ཁང་ལས་སྟེགས་བརྒྱུད་སྤེལ་རོགས་ཁྲིད་གསུམ་གྱི་སློབ་མ་གཉིས་ལ་མིང་རྟགས་བཀོད་པ་དང་། སླད་ཕྱིན་ཁོང་ཚོའི་ཚན་རིག་ཞིབ་འཇུག་གམ་ཡང་ན་གཤགས་བཅོས་ལག་རྩལ་ཐད་ངས་གང་ཐུབ་ཀྱིས་ལག་རྩལ་བརྒྱུད་སྤྲོད་བྱས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་མགྱོགས་མྱུར་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་ཀྲའོ་ཡུང་གིས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社