ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་དུས་འདིར། སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པ་ཞིག་བཏོད་དེ་སྡེ་ཁུལ་གྱི་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉིན་ཤས་གོང་། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱིས་དཔལ་གླིང་སྡེ་ཁུལ་དང་མཉམ་འབྲེལ་ཐོག་ངོ་མཚར་ཆེ་བའི་ཏང་འཛུགས་མཉམ་དུ་སྤེལ་བ་དང་། བཅོས་སྐྱོང་མཉམ་དུ་བྱེད་པ། ཞབས་ཞུ་མཉམ་དུ་སྒྲུབ་པ་བཅས་ཀྱི་ཐོག་ནས་རྒྱལ་སྟོན་བསུས་ཏེ་ཐོག་མའི་བསམ་འདུན་སྲུང་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་འདི་ཉིད་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། དང་ཐོག་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཨ་རྒོད་ཀྱིས་བྱེད་སྒོའི་ནང་ཞུགས་མཁན་ལས་བྱེད་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་རྒྱབ་ལྗོངས་དང་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་དང་དེ་བཞིན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་སོགས་ལ་དམིགས་ནས་རྒྱས་བཤད་བྱས་པར་མ་ཟད། དམངས་འཚོ་ལེགས་གཏོང་སོགས་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་གཙོ་གནད་ཐོག་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད། དེ་རྗེས་ཞབས་བྲོ་དང་། གྱེར་འདོན། ཤེས་བྱའི་འགྲན་བསྡུར་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཡོད། སྙན་འཇེབས་ལྡན་པའི་ཞབས་བྲོའི་ཐོག་ནས་ཚང་མས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་ལྷག་བསམ་རྣམ་པར་དག་པའི་གྱེར་འདོན་གྱིས་མེས་རྒྱལ་ལ་བསྟོད་བསྔགས་བྱེད་པའི་བསམ་པ་མཚོན་པར་བྱས་ཡོད། ཛ་དྲག་དང་སྤྲོ་སྣང་ལྡན་པའི་ཤེས་བྱའི་འགྲན་བསྡུར་ལས་མ་ཡུམ་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་ལྷག་བསམ་མངོན་པར་བྱས་ཡོད།
དཔལ་གླིང་སྡེ་ཁུལ་གྱི་སྤྱི་ཚོགས་ལས་དོན་པ་བྱམས་པ་སྒྲོལ་མས་རྒྱལ་སྟོན་འཆར་ཉེར་ཡོད་པའི་སྐབས་འདིར་ང་ཚོས་ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་དོན་ནི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་གཏོད་པ་དང་། ཏང་ཡོན་ལས་བྱེད་པ་དང་གྲོང་མི་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ལ། དེ་དང་ཆབས་ཅིག་གྲོང་མིར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱ་ཆེད་ཡིན། ཚང་མས་རྒྱལ་ཁབ་ཀྱི་འཕེལ་རྒྱས་གཏོང་ཕྱོགས་དང་སྲིད་ཇུས་ལ་ཤེས་རྟོགས་སྔར་ལས་ལེགས་པར་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།
བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་དགའ་བསུ་ཆེན་པོ་ཐོབ་ཡོད།
ཚང་མས་རིག་རྩལ་འཁྲབ་སྟོན་དེས་དུས་ཆེན་གྱི་རྣམ་པ་ཚོར་ཐུབ་པར་མ་ཟད། ཁོང་ཚོའི་ལས་ཞོར་གྱི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
བྱེད་སྒོའི་མཇུག་དུ། མེས་རྒྱལ་དར་རྒྱས་གོང་འཕེལ་དང་ཏང་དམངས་མཐུན་སྒྲིལ་འཆམ་མཐུན་ཡིན་པ་མཚོན་པའི་སྒོ་ངའི་བག་ལེབ་ཅིག་གར་སྟེགས་སུ་ཁྱེར་ཡོང་ཞིང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་མཉམ་དུ་གར་སྟེགས་ཐོག་ཕེབས་ཏེ། ཚང་མའི་དགའ་འབོད་ཀྱི་འབོད་སྒྲའི་ཁྲོད་དུ་སྒོ་ངའི་བག་ལེབ་ཀྱི་བྲོ་བ་དང་རྒྱལ་སྟོན་གྱི་དགའ་སྤྲོ་མཉམ་དུ་ལོངས་སྤྱོད་བྱས་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社