分享按钮

བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་ཟླ་10ཚེས་2ཉིན་བསྟན་རྒྱུའི་གཏན་འཁེལ་བྱས་པ།

པར་འདི་ནི་བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པའི་གསར་རྩོམ་པ་དང་།འཁྲབ་སྟོན་པ་གཙོ་བོ།སྐུ་མགྲོན་བཅས་ཀྱིས་སྨྱན་སྦྱོར་བས་གློག་བརྙན་ལ་ལྟ་བའི་འདུ་ཚོཊ་ཐོག་དྲན་རྟེན་འདྲ་པར་རྒྱག་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་9ཚེས་27ཉིན།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་དུས་རབས་དང་མཉམ་སྐྱོད་དང་།མི་དམངས་དང་གཅིག་མཐུན་ཞེས་པའི་བརྙན་འཕྲིན་འཁྲབ་ཚན་འགྲེམས་སྟོན་གྱི་བྱེད་སྒོའི་གཙོ་གནད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་དངོས་སུ་བསྟན་རྒྱུའི་གཏན་འཁེལ་བྱས་པ་རེད།ཟླ་10ཚེས་2ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་གྱི་རྫོགས་ལྡན་དུས་མཚམས་དང་།མང་གོ་TV ཐེང་ཤུན་བརྙན་ལམ་བཅས་ནས་དུས་གཅིག་ཏུ་བསྟན་རྒྱུ་དང་།ཧུའུ་ནན་བརྙན་འཕྲིན་ལས་ཁུངས་དང་།ཅང་སུའུ་བརྙན་འཕྲིན་ལས་ཁུངས།བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་བསྟན་རྒྱུ་ཡིན་པ་རེད།

《ཉི་འོད་གྲོང་ཁྱེར》ཞེས་པ་ནི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་ཞིང་།ཀྲུང་གུང་ཧུའུ་ནན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུས་མཉམ་འབྲེལ་ཐོག་པར་ལེན་བྱས་པ་དང་།ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་།ཧུའུ་ནན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ།མང་གོ་TVསོགས་ཀྱིས་གསར་རྩོམ་བྱས་པ་ཞིག་རེད།འཁྲབ་ཚན་དེའི་ནང་གཙོ་བོ་བསོད་ནམས་ཀྱིས་མཚོན་པའི་གཞོན་ནུ་དྲུག་གིས་བོད་ཀྱི་ས་གཞི་ཆེན་མོར་ཕུགས་འདུན་དོན་གཉེར་དང་རང་ངོས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་སྐོར་ཡིན་པ་དང་།སྲོལ་རྒྱུན་དང་དེང་རབས་ཀྱི་གདོང་ཐུག་ཁྲོད་སྔར་བས་སྒོ་དབྱེ་དང་།བསྟུན་མཁས།རང་ཡིད་རང་ཆེས།འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་བོད་ཀྱི་གཟུགས་བརྙན་མངོན་པ་དང་།བོད་ཀྱི་ས་གཞི་ཆེན་པོའི་ཐོག་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་པའི་རླབས་ཆེན་གྱི་འཕེལ་རིམ་མངོན་ཡོད།བོད་ཀྱི་དེང་རབས་གྲོང་ཁྱེར་གྱི་འཚོ་བའི་འཁྲབ་གཞུང་ཐོག་མ་ཡིན་པའི《ཉི་འོད་གྲོང་ཁྱེར》ཞེས་ནང་ལྷ་སའི་བར་སྐོར་ཁྲོམ་གཞུང་གཙོ་བོར་བཞག་ཡོད་པ་རེད།འཁྲབ་ཚན་ཁྲོད་ལྟད་མོ་བས་འཛམ་གླིང་ལོ་རྒྱུས་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ། གྲོང་ཁུལ་རྙིང་པའི་སྒོ་ར་རྙིང་པ་སོགས་ལྷ་སའི་མཚོན་རྟགས་སྐྲུན་དངོས་ཀྱི་མཛེས་སྡུག་མཐོང་ཐུབ་པར་མ་ཟད།ལྷ་མོ་དང་།བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས།གླིང་སྒྲུང་།བོད་རིགས་ཀྱི་གཏམ་དཔེ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ཀྱི་རིག་གནས་ཀྱི་མཛེས་ཆོས་མཐོང་ཐུབ།ད་དུང་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཏེ་གམ་པའི་ལུག་དང་།བེ་ཤ སྦྲང་རྩི།སུར་པན།ཚགས་ཤ ཕྱུར་བ་སོགས་བོད་ཀྱི་སྐྱེ་ཁམས་ཀྱི་མཛེས་པ་དང་འཚོ་བའི་མཛེས་པ་མཐོང་ཐུབ།

བརྙན་འཕྲིན་འཁྲབ་ཚན་གྱི་འདྲ་བཤུས་རི་མོ་ཉི་འོད་ནི་ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པར་མ་ཟད།ས་མཐོའི་ཐོག་གནས་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཤིག་ཀྱང་ཡིན་ལ་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་ཡར་བརྩོན་གྱི་སྟོབས་ཤུགས་ཤིག་ཀྱང་རེད།

གཞན་ཡང་གནས་ཚུལ་འབྱོར་གསལ།ཟླ་9ཚེས་26ཉིན།བོད་ཀྱི་དེང་རབས་གྲོང་ཁྱེར་གྱི་འཚོ་བའི་འཁྲབ་ཚན་ཐོག་མ《ཉི་འོད་གྲོང་ཁྱེར》ཞེས་པའི་སྨྱན་སྦྱོར་གྱི་བརྙན་འཕྲིན་ལ་ལྟ་བའི་ཚོགས་འདུ་དེ་པེ་ཅིང་དུ་འཚོགས་པ་དང་།སྨྱན་སྦྱོར་ཚན་པ་50ལྷག་ཙམ་གདན་ཞུས་ལྟར་དེའི་ནང་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཚང་མས་དུས་ཡུན་ཆུ་ཚོད་གཅིག་རིང་གི་བརྙན་འཕྲིན་ལ་བལྟས་པ་དང་། གསར་རྩོམ་པ་དང་འཁྲབ་སྟོན་པ་གཙོ་བོ་ཁག་གཅིག་གིས་སྨྱན་སྦྱོར་ཚན་པའི་དྲི་བར་ལན་བརྒྱབ་པ་རེད། བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་དེ་ཧོང་ཝུའེ་ཡིས་འཁྲབ་ཁྲིད་བྱས་པ་དང་། ཡུས་ཞའོ་ཆན་གྱིས་འཁྲབ་གཞུང་བརྩམས་པ།ཀྲོའུ་ཡིའུ་དང་།གཡང་ཕྱུག་མཚོ།སྟོབས་རྒྱལ།བློ་བཟང་ཆོས་འཕེལ།དབྱངས་ཅན་སྒྲོལ་དཀར།དབང་སྒྲོན་མཚོ་སོགས་ཀྱིས་གཙོ་འཁྲབ་བྱས་པ་རེད།

ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གཏམ་རྒྱུད་ཡག་པོ་ཤོད་ཆེད། ཚོགས་པས་མི་དམངས་དང་འཚོ་བར་གཞི་ཚུགས་པའི་གསར་གཏོད་ཀྱི་རྣམ་འགྱུར་ཐོག་ནས་ཉེ་བའི་ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་འཁྲབ་གཞུང་གསར་རྩོམ་བྱས་པར་མ་ཟད་ས་མཐོར་ཐེངས་བཞི་དང་ལྷ་སའི་རྫོང་ལྔ་དང་ཆུས་གསུམ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་བཅར་འདྲི་བྱ་ཡུལ་མི་གྲངས་130ལྷག་ཙམ་ཟིན་པ་དང་།བཅར་འདྲི་བྱས་པའི་ཡིག་འབྲུ་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད།

གློག་བརྙན་བཟོ་སྐྲུན་པ་པའོ་ཅན་ཧྭ་ཡིས《ཉི་འོད་གྲོང་ཁྱེར》ཞེས་པའི་བརྙན་འཕྲིན་འཁྲབ་ཚན་དེ་བརྒྱུད་ལྟད་མོ་བ་དེ་བས་མང་བས་བོད་ལ་རྒྱུས་ལོན་ཐུབ་པ་དང་།ཉི་འོད་གྲོང་ཁྱེར་གྱི་དྲོ་སྐྱིད་དང་།དྭངས་གཙང་།མཛེས་སྡུག་བཅས་ཚོར་ཐུབ་པའི་རེ་བ་ཡོད་ཅེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-01 6 6 拉萨日报藏文 c188945.html 1 བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་ཟླ་10ཚེས་2ཉིན་བསྟན་རྒྱུའི་གཏན་འཁེལ་བྱས་པ། /enpproperty-->