ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་དམངས་འཚོར་འགན་ལེན་ནུས་ལྡན་བྱུང་བ། དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ། དབང་པོ་སྐྱོན་ཅན་འདྲ་མཉམ་ངང་སྤྱི་ཚོགས་བྱེད་སྒོའི་ནང་ཞུགས་པའི་ཁོར་ཡུག་དང་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། དབང་པོ་སྐྱོན་ཅན་དེ་བས་མང་བས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་བཞིན་ཡོད།
ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་བདེ་ཆུང་གིས་ད་ལོ་ང་ཚོས་རྒྱན་ཤོག་སྤྱི་ཕན་གྱི་མ་དངུལ་བརྒྱུད་ནས་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་པ་དེ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ལ་ཁྱབ་ཡོད། རྣམ་གྲངས་དེས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་པའི་ཐོག་ནས་རྫོང(ཆུས)ཚང་མར་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྤྱི་ཚོགས་ཀྱི་ལས་དོན་པ་གསུམ་བསྡུས་ཏེ་དབང་པོ་སྐྱོན་ཅན་གྱི་ཁྱིམ་དུ་ལྟ་རྟོག་ཞབས་ཞུ་དང་། གཞོགས་འདེགས་ཡོ་བྱད་འོས་འཚམ་བཀོད་སྒྲིག་གི་ཞབས་ཞུ། ལས་ཞུགས་འོས་སྦྱོར་སོགས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་ལས་དོན་ཆེད་མངགས་སྤེལ་བ་དང་འབྲེལ་ཕན་འབྲས་ཀྱང་ཡག་པོ་ཐོན་ཡོད།
ལས་ཞུགས་ཀྱི་ཐད་ནས་བཤད་ན། ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་ནི་རྒྱ་ཆེའི་དབང་པོ་སྐྱོན་ཅན་རྣམས་ཀྱི་ཁ་ཚ་དགོས་གཏུག་གི་རེ་འདུན་ཞིག་ཡིན་ཞིང་། ཚེ་བརྟན་བདེ་སྐྱིད་ནི་ཐོས་ནུས་ཉམས་པའི་མི་ཞིག་ཡིན་ལ་ད་ཆ་ཁོང་ནི་ལྷ་སའི་སྒྲ་མེད་ཀོག་ཧྥེ་ཁང་གི་ལས་མི་ཞིག་ཏུ་གྱུར་ཡོད། ཆེད་མངགས་རྣ་ཤེས་ཉམས་པའི་མི་རྣམས་ལ་དམིགས་ནས་བཏོད་པའི་ལས་གནས་ཐོག་ཚེ་བརྟན་བདེ་སྐྱིད་ཀྱི་རྣ་བས་ཐོས་ཀྱི་མེད་ཀྱང་ལས་ཀ་བྱེད་ཐུབ་པའི་བསམ་འདུན་གྲུབ་པས་ལས་ཀ་དེ་བྱེད་སྐབས་ཧ་ཅང་གཟབ་ནན་བྱེད་ཀྱི་ཡོད། ཀོག་ཧྥེ་ཁང་དེ་ནི་ལྷ་ས་གྲོང་ཁྱེར་གྱི་སྒྲ་མེད་ཀོག་ཧྥེ་ཁང་ཐོག་མ་དེ་ཡིན་པར་མ་ཟད། རྣ་ཤེས་ཉམས་པའི་མི་སྣ་གསོ་སྦྱོང་དང་། དངོས་སྦྱོང་། ལས་ཞུགས་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཤིག་ཀྱང་ཡིན།
སྒྲ་མེད་ཀོག་ཧྥེ་ཁང་ཕུད། རང་གྲོང་དུ་ད་དུང་གསོ་སྦྱོང་དང་། དངོས་སྦྱོང་། ལས་ཞུགས་བཅས་གཞི་གཅིག་ཏུ་འདུས་པའི་དབང་པོ་སྐྱོན་ཅན་གྱི་སྲོ་སྐམ་ཁང་བཙུགས་ནས་ལག་པ་གཉིས་ཡོད་པའི་དབང་པོ་སྐྱོན་ཅན་ལ་བག་ལེབ་དང་སྒོ་ངའི་བག་ལེབ་བཟོ་བ་སོགས་ཀྱི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་། མིག་ཤེད་སྐྱོན་ཅན་ལ་ལོང་བའི་འཕུར་མཉེད་སོགས་ཁྱབ་ཁོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་རྣམ་གྲངས་གཏོད་རྒྱུར་རོགས་སྐྱོར་བྱེད་པ། རིམ་རྩིས་བྱས་པ་ལྟར་ན། མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་ནས་དྲ་ཐོག་ཚོང་དོན་གསོ་སྦྱོང་རྟེན་གཞི་སྐྱེད་སྲིང་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་སྟེ་རིགས་མི་འདྲ་བའི་དབང་པོ་སྐྱོན་ཅན་ལ་ལས་གཏོད་གསོ་སྦྱོང་དང་ཐད་གཏོང་ཚབ་ཚོང་སོགས་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་དང་འཕེལ་རྒྱས་བར་མཐོངས་མཁོ་འདོན་བྱས་པ། ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་རྣམ་གྲངས་ལ་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྒོར་ཁྲི་29སྤྲད་པ། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་34པའི་སྐབས་སུ་དབང་པོ་སྐྱོན་ཅན་གྱི་ལས་གཏོད་རོགས་སྐྱོར་ཁེ་ལས་6སྒྲིག་འཛུཊ་བྱས་ཏེ་ཐོན་རྫས་འགྲེམས་ཚོང་བྱས་ཤིང་། དབང་པོ་སྐྱོན་ཅན་གྱིས་བཟོས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་384བཙོངས་པར་ཡོང་འབབ་སྒོར་ཁྲི་1.38བྱུང་ཡོད་པ་རེད། ད་ལོའི་ལོ་སྟོད་དུ་རང་གྲོང་གིས་དབང་པོ་སྐྱོན་ཅན་54ཡི་ལས་ཞུགས་ཀྱི་དཀའ་གནད་ཐག་གཅོད་བྱས་ཡོད།
མིག་སྔར་རང་གྲོང་གིས་བློ་རིག་ཞན་པའི་དབང་པོ་སྐྱོན་ཅན་གྱི་དངོས་སྦྱོང་རྟེན་གཞི་སྐྲུན་བཞིན་ཡོད་པ་དང་འབྲེལ་མ་དངུལ་སྒོར་ཁྲི་17ལྷག་ཙམ་བཏང་ནས་རླངས་འཁོར་འཁྲུ་སའི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། རྣམ་གྲངས་དེ་ལག་ལེན་དུ་བསྟར་རྗེས་འཚར་ལོངས་འགོར་བ་དང་། རིག་སྟོབས་ཉམས་པ། སེམས་གུ་དོག་པའི་ནད་ཕོག་པ་སོགས་དབང་པོ་སྐྱོན་ཅན་གྱི་ཚོགས་སྤྱིར་ལས་ཞུགས་ཀྱི་ལས་གནས་དང་དངོས་སྦྱོང་རྟེན་གཞི་མཁོ་འདོན་ཐུབ་རྒྱུ་རེད།
དབང་པོ་སྐྱོན་ཅན་ལ་ལས་ཞུགས་བརྟན་པོ་བཀོད་སྒྲིག་བྱེད་པ་དང་དབང་པོ་སྐྱོན་ཅན་གྱི་ལས་གཏོད་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་ཕུད། ད་དུང་རང་གྲོང་གིས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རང་གཤིས་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་དགོས་མཁོར་གཞིགས་ནས་དབང་པོ་སྐྱོན་ཅན་དེ་བས་མང་བ་དང་དེ་བཞིན་ཁོང་ཚོའི་ཁྱིམ་ཚང་ལ་ཕན་པ་ཐོབ་པར་བྱེད་ཀྱི་ཡོད། ཡུན་རིང་མ་སོང་བར་གསར་གཏོད་རང་བཞིན་གྱི་སྒོ་ནས་བོད་སྨན་གྱི་ལུམས་རྒྱག་རྒྱུར་འཚམ་པའི་དབང་པོ་སྐྱོན་ཅན་16ལ་བོད་སྨན་གྱི་ལུམས་རྒྱག་རོགས་བྱས་ནས་སྨན་བཅོས་བྱས་པ་དེས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པར་མ་ཟད། བདེ་ཐང་སླར་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱང་རྒྱ་ཆེར་ཕྱིན་ནས་དབང་པོ་སྐྱོན་ཅན་དང་དེ་བཞིན་ཁོང་ཚོའི་ནང་མིའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།
གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པ་གཡང་སྒྲོན་གྱིས་བོད་སྨན་གྱི་ལུམས་རྒྱག་པ་ཕུད། ང་ཚོས་ད་དུང་བདེ་ཐང་སླར་གསོའི་སྦྱོང་བརྡར་དང་། ལོང་བའི་འཕུར་མཉེད། རིག་གནས་སློབ་ཚན། ལག་ཤེས་སློབ་ཚན་བཅས་དང་དེ་བཞིན་སྤྱི་ཚོགས་ནང་ཞུགས་པ་སོགས་ཀྱི་ཕྱི་རོལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། སླད་ཕྱིན་ང་ཚོས་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་ལེགས་བཅོས་བྱས་ཏེ་དབང་པོ་སྐྱོན་ཅན་དེ་བས་མང་བར་ཕན་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ལྟེ་གནས་སུ་ད་ཆ་ཉིན་བཅོལ་བྱ་ཡུལ་21ཡོད་པ་རེད། ད་ལོ་ནས་བཟུང་ཁོང་ཚོས་མི་ཐེངས་1056ལ་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱས་པ་དང་། མི་ཐེངས་1980ལ་ཉིན་གུང་གི་ཁ་ལག་དང་ངལ་གསོ་སོགས་ཀྱི་རྒྱུན་གཏན་ཞབས་ཞུ་བྱས་པ། མི་ཐེངས་672ལ་རྒྱུན་གཏན་གྱི་རིག་གནས་དང་འཚོ་བའི་རྩལ་ནུས་གསོ་སྦྱོང་བྱས་པ་བཅས་རེད།
ཉིན་མོར་ལྟ་རྟོག་བྱ་ཡུལ་གྱི་ཞབས་ཞུ་ཡག་པོ་བསྒྲུབས་པ་ཕུད། རང་གྲོང་གིས་ད་དུང་གྲོང་ཁྱེར་དབང་པོ་སྐྱོན་ཅན་བཅོལ་གསོ་ཞབས་ཞུ་ལྟེ་གནས་ཀྱི་སྒྲིག་ཆས་དང་མཁྲེགས་ཆས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་བཅོལ་གསོ་བྱ་ཡུལ་ལ་ལུས་གསོའི་སྦྱོང་བརྡར་དང་། འཕུར་མཉེད་དངོས་བཅོས། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། ད་ལོའི་ཚུན་དུ་བཅོལ་གསོ་བྱ་ཡུལ་22ལ་སྨན་པ་མི་ཐེངས་176གི་སྔ་རྗེས་སུ་སྨན་བཅོས་ཞབས་ཞུ་བྱས་པ་དང་། མི་ཐེངས་80ལ་གཅོང་ནད་ཀྱི་སྐོར་འདྲི་རྩད་བྱས་པ། མི་ཐེངས་528ལ་དྲག་སྐྱེད་ཀྱི་སྦྱོང་བརྡར་བྱས་ཡོད།
བདེ་ཆུང་གིས་ད་ལོ་ང་ཚོས་མངགས་བཅོལ་དང་ཉོ་སྒྲུབ་ཞབས་ཞུའི་བྱ་ཐབས་ཚོད་ལྟ་བྱས་ནས་དབང་པོ་སྐྱོན་ཅན་ལ་གཙང་སྦྲ་དང་། ཚབ་ཉོ། ཁ་ལག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། ད་ལྟ་རྫོང(ཆུས)ཁག་གིས་ཀྱང་བྱེད་སྟངས་དེ་སྤྱད་ནས་གོ་རིམ་ལྡན་པའི་སྒོ་ནས་ཞབས་ཞུ་སྒྲུབ་བཞིན་ཡོད་ཅེས་བཤད།
གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕྱོགས་བསྡུས་ཐོག་བརྩེགས་ཁང་དུ་སྐྱོད་སྐབས་ལོ་0ནས་8བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཁྱུ་གཅིག་གིས་ཕྱོགས་གསུམ་པའི་སྒྲིག་གཞིས་མཁོ་འདོན་བྱས་པའི་ཆེད་ལས་ཀྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད། གཞན་ཡང་རང་གྲོང་གིས་ད་དུང་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་ཞབས་ཞུར་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། མིག་སྔར་མཉམ་འདྲེས་སློབ་གསོའི་སློབ་གྲྭ་13བསྐྲུན་ནས་དབང་པོ་སྐྱོན་ཅན་སློབ་མ་ཐག་ཉེ་སར་སློབ་གྲྭར་བསྐྱོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ལོ་ནས་བཟུང་འཛིན་གྲྭ་གཞན་དང་མཉམ་དུ་སློབ་སྦྱོང་བྱེད་མཁན་དབང་པོ་སྐྱོན་ཅན་སློབ་མ་783ཡོད་པ་དང་ཁྱིམ་ཚང་དུ་བསྐྱོད་ནས་སློབ་ཚན་ཁྲིད་སའི་དབང་པོ་སྐྱོན་ཅན་སློབ་མ་236ལ་སློབ་ཁྲིད་བྱས་ནས་སློབ་གསོ་མཉམ་འདྲེས་ཁྱབ་ཚད་བརྒྱ་ཆ་99ཟིན་ཡོད་པ་རེད།
དབང་པོ་སྐྱོན་ཅན་གྱིས་ཀྱང་རྒྱུན་གཏན་གྱི་མི་དང་འདྲ་བར་ངོ་མཚར་ཆེ་བའི་མི་ཚེ་སྐྱེལ་ཐུབ་པ་དེ་ནི་གྲོང་ཁྱེར་ཞིག་གི་བརྩེ་སེམས་དང་གསོན་ཤུགས་གང་ལེགས་མངོན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社