ཤིན་ཧྭ་གསར་འགྱུར་ཁང་ཧའེ་ཁའུ་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་དུ་སྤེལ་བའི་རྒྱལ་ཡོངས་ཀྱི་ཚ་ཁུལ་ལོ་ཏོག་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ཀྱི་ས་ཡུལ་དངོས་སུ་ལྟ་སྦྱོང་སྤེལ་རེས་བྱེད་སྒོའི་རིང་། ཀྲུང་གོ་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་ཀྱིས《རྒྱལ་ཡོངས་ཚ་ཁུལ་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་ར་བ(མཛོད)ཡི་མིང་གཞུང》ཁྱབ་བསྒྲགས་བྱས་ནས་རང་རྒྱལ་གྱི་ཚ་ཁུལ་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་ར་བ(མཛོད)105ཟིན་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས)8ལ་ཁྱབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་ནི་རང་རྒྱལ་གྱི་ལོ་ཏོག་སྣ་མང་རང་བཞིན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།རང་རྒྱལ་གྱི་ཚ་ཁུལ་གྱི་ལོ་ཏོག་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དངོས་པོའི་རྨང་གཞི་ཞིག་ཀྱང་ཡིན། ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་2008ལོར་ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་གི་ཆེད་དོན་སྤེལ་འགོ་བཙུགས་ནས་སྔ་རྗེས་སུ་ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ར་བ(མཛོད)ཁག་གཅིག་འཛུགས་སྐྲུན་དང་གཏན་འཁེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
ཀྲུང་གོ་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོང་ཧུའེ་ཡིས་མིག་སྔར་རང་རྒྱལ་གྱི་ཚ་བ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་ར་བ(མཛོད)དེ་གཙོ་བོ་ཧའེ་ནན་དང་། ཀོང་ཏུང་། ཀོང་ཤིས། ཡུན་ནན། ཧྥུའུ་ཅན། སི་ཁྲོན། ཀུའེ་ཀྲོའུ། བོད་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས)ལ་ཁྱབ་པ་དང་། རིམ་རྩིས་བྱས་ན་ར་བར་ཐོན་ཁུངས་ཁྲི་9ལྷག་ཙམ་ཡོད་པའི་ནང་ལོ་ཏོག་རྐྱང་པ་གཙོ་བོར་བྱས་པའི་ར་བ(མཛོད)73ཡོད་པའི་ནང་འགྱིག་ཤིང་དང་། ལི་ཀྲི། མང་ཀུའུ་སོགས་ལོ་ཏོག་སྣ་ཁ་ཚུད་ཡོད་ཅེས་བཤད་པ་རེད།
ཧོང་ཧུའེ་ཡིས《རྒྱལ་ཡོངས་ཀྱི་ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་ར་བའི(མཛོད)མིང་གཞུང》ཡོངས་བསྒྲགས་བྱེད་པའི་དམིགས་ཡུལ་ནི་ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ཀྱི་གཙོ་གནད་ཚན་པ་ཁ་གསལ་བཟོས་ནས་ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་ར་བ(མཛོད)འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་དང་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། སླད་ཕྱིན་རང་རྒྱལ་གྱི་ཚ་ཁུལ་གྱི་ལོ་ཏོག་སོན་རྒྱུའི་ལས་རིགས་ལས་དོན་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད་ཅེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社