ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། 《ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང“སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་དེས་ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་སྤུས་ཚད་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་འཕེལ་རྒྱས་གསར་པ་མངོན་འགྱུར་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
ལོ་10ལྷག་ཙམ་རིང་རྒྱུད་གཅིག་ལམ་གཅིག་ཐུན་མོང་ཐོག་བསྐྲུན་པར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་སུ་གྱུར་ཡོད། མིག་སྔར། ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་150ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་དང་མཉམ་ལས་ཀྱི་ཡིག་ཆ་200ལྷག་ལ་མིང་རྟགས་བཀོད་པ་དང་། སྔ་རྗེས་སུ་དངོས་གཉེར་མཉམ་ལས་ཀྱི་རྣམ་གྲངས་སྟོང་ཕྲག་ལྷག་སྤེལ་བ། སྲིད་ཇུས་མཐུན་སྦྱོར་དང་། སྒྲིག་བཀོད་མཉམ་སྦྲེལ། ཉོ་འཚོང་ཤར་གཏོང་། མ་དངུལ་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་པ་དེ་ལག་ལེན་དངོས་ཀྱི་དུས་མཚམས་སུ་སླེབས་པ་དང་། མཁྲེགས་འབྲེལ་ནས་མཉེན་འབྲེལ་བར་རྒྱ་བསྐྱེད་དེ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྒུལ་ནུས་གསར་པ་བསྣན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་བར་མཐོངས་གསར་པ་བཏོད་པ་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཆེད་ལས་སྟེགས་གསར་པ་བཏོད་ཡོད།
མིག་སྔར་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་བྱ་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་དུ་སྐྲུན་པའི་བྱ་སྤྱོད་ཁག་བརྒྱད་དོན་འཁྱོལ་ཏན་ཏིག་བྱས་ཏེ།རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཤམ་གྱི་ལས་འགན་ཁག་5ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས།
དང་པོ། རྒྱུད་གཅིག་ལམ་གཅིག་གི་ལངས་གཟུགས་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་འཛུགས་དགོས་པ་སྟེ།གཙོ་གནད་མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་དང་ནུས་ཁུངས་དང་། འགྲིམ་འགྲུལ། འཕྲིན་གཏོང་སོགས་པའི་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་ལས་ཟབ་སྤེལ་དང་། སྐམ་མཚོ་མཁའ་དྲ་བཞིའི་གཞི་གཅིག་ཅན་གྱི་བཀོད་པ་འཐུས་ཚང་དུ་གཏོང་བ། སྒྲིག་བཀོད་མཉམ་སྦྲེལ་ཟབ་སྤེལ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་མཉམ་སྐྲུན་དང་ཚོང་རའི་དགོས་མཁོ་འབྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། ས་གནས། དམངས་ཚོགས་བཅས་ཀྱི་ཕྱོགས་མང་གི་ཁེ་ཕན་དང་དོ་ཁུར་ལ་བསམ་བློ་གང་ལེགས་བཏང་སྟེ། ལྕགས་ལམ་དང་། གྲུ་ཁ། གནམ་གྲུ་འབབ་ཐང་བཅས་དང་དེ་བཞིན་དར་གོས་མཚོ་ཐོག་སྐྱེལ་འདྲེན་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་སོགས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གཅིག་གྱུར་གྱིས་བསྐྲུན་དགོས། ཕྱོགས་གསུམ་དང་ཕྱོགས་མང་པོའི་ཁྲོམ་རའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས། མངའ་ཁོངས་ཕྱིའི་ལས་གཞིའི་ཉེན་ཁར་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་མ་ལག་དོན་འཁྱོལ་ལེགས་པོ་བྱས་ཏེ། རྣམ་གྲངས་དང་མི་སྣའི་བདེ་འཇགས་ལ་འགན་ལེན་བྱེད་དགོས།
གཉིས་པ། རྒྱུད་གཅིག་ལམ་གཅིག་གི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། རྒྱུད་གཅིག་ལམ་གཅིག་གི་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། ཐུན་མོང་ཐོག་གསར་གཏོད་ཀྱི་འཕར་སྣོན་སྒུལ་ཤུགས་སྐྱེད་སྲིང་བྱེད་པ་དང་། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ཚེ་སྲོག་ཚན་རིག འབྱུང་འཕྲོད་ནུས་རྒྱུ། སྔོན་ཐོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་རྒྱ་སྐྱེད་གཏོང་དགོས་པ་སྟེ། སྒོ་དབྱེ་གསར་གཏོད་ཀྱི་འབྱུང་ཁམས་ཐུན་མོང་ཐོག་བཏོད་དེ་ཤེས་བྱ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་བདེ་བླག་ངང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ཤེས་རིག་བདག་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་བྱར་བཀག་སྡོམ་བྱེད་པ་དང་མིས་ཐབས་ཚན་རྩལ་གྱི་འགལ་རྐྱེན་རྒྱ་སྐྱེད་གཏོང་བར་ངོ་རྒོལ་བཅས་བྱེད་དགོས། 《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གིས་མི་ཐབས་རིག་ནུས་བཅོས་སྐྱོང་བྱེད་པའི་ཁྲོད་ཆ་འཕྲིན་སྤེལ་རེས་དང་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་ལག་རྩལ་གྱི་བདེ་འཇགས་རང་བཞིན་དང་། བློས་འགེལ་རང་བཞིན། ཚོད་འཛིན་རང་བཞིན། དྲང་གཞག་རང་བཞིན་བཅས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
གསུམ་པ།རྒྱུད་གཅིག་ལམ་གཅིག་གི་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་སྟེ། འབྱུང་འཕྲོད་ཀྱི་དར་གོས་ལམ་བུ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་2030ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་སྦྲེལ་མཐུད་བྱེད་པ་དང་ཚད་གཞི་མཐོ་བའི་ངང་འབྱུང་ཁམས་ཁོར་ཡུག་མཛའ་གྲོགས་རྣམ་པའི་རྣམ་གྲངས་དེ་བས་མང་བ་གཏོད་དེ་ཁེ་ལས་ཀྱིས་འབྱུང་འཕྲོད་རྨང་གཞིའི་འཛུགས་སྐྲུན་དང་། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་དགོས། མ་འཇོག་མཉམ་ལས་ཀྱི་དྲན་ཐོར་གྲོས་མོལ་དང་མིང་རྟགས་ཧུར་ཐག་འགོད་པ་དང་། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འབྱུང་འཕྲོད་ཐཱན་ཉུང་རིགས་བསྒྱུར་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། རྒྱུད་གཅིག་ལམ་གཅིག་གི་འབྱུང་འཕྲོད་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོད་ཤུགས་ཐོན་ལས་ཀྱི་གླེང་མོལ་བརྗེ་རེས་ལམ་སྲོལ་དང་འབྱུང་འཕྲོད་ཐཱན་ཉུང་ཆེད་མཁས་པའི་དྲ་བ་འཛུགས་དགོས། རྒྱུད་གཅིག་ལམ་གཅིག་གི་འབྱུང་འཕྲོད་མ་འཇོག་རྩ་དོན་དོན་འཁྱོལ་བྱས་ཏེ། 2030ལོར་སླེབས་སྐབས་རོགས་ཟླའི་རྒྱལ་ཁབ་ལ་མི་ཐེངས་ཁྲི་10ཡི་གསོ་སྦྱོང་བྱ་དགོས།
བཞི་པ། རྒྱུད་གཅིག་ལམ་གཅིག་གི་དངོས་སྒྲུབ་མཉམ་ལས་སྤེལ་དགོས་པ་སྟེ།མཉམ་སྐྲུན་རྒྱལ་ཁབ་ཀྱིས་རིག་ལྡན་གྲོང་ཁྱེར་དང་། ཟོག་སྦྲེལ་དྲ་བ། མི་ཐབས་རིག་ནུས། གཞི་གྲངས་ཆེན་མོ། སྤྲིན་རྩིས་སོགས་ཁྱབ་ཁོངས་སུ་དངོས་དོན་མཉམ་ལས་ཟབ་སྤེལ་བྱེད་དགོས། མཉམ་སྐྲུན་རྒྱལ་ཁབ་ཀྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། “དར་གོས་ལམ་བུའི་གློག་རྡུལ་ཚོང་དོན”གོ་ལ་ཧྲིལ་པོའི་བཀོད་པ་རྒྱ་ཆེ་རུ་གཏོང་བ། ཧྲང་ཧའེ་མཉམ་ལས་དང་། ཀྲུང་གོ་དང་ཨ་རབ་སོགས་གློག་རྡུལ་ཚོང་དོན་གྱི་མཉམ་ལས་ལམ་སྲོལ་སྲ་བརྟན་དུ་གཏོང་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་གློག་རྡུལ་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བ། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གྲངས་འཛིན་གསར་གཏོད་རོགས་ཟླའི་འཆར་གཞི”ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དར་གོས་ལམ་བུའི་ཐེབས་རྩའི་དངུལ་རྩའི་རྒྱབ་སྐྱོར་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་དང་། ཞིང་ལས། འབྱུང་འཕྲོད་ནུས་རྒྱུ། འཕྲོད་བསྟེན། སློབ་གསོ། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ལ་དམིགས་ནས་རྒྱ་ཆུང་ལ་སྤུས་ཀ་ལེགས་པ་དང་། ཕན་འབྲས་ཐོན་མགྱོགས་པ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྒྲིག་འཛུགས་ནུས་ལྡན་བྱེད་པ་དང་། “ཤ་མོ་སྐྱེ་འཚོ”དང་། ལུའུ་པན་བཟོ་གྲྭ “འོད་སྣང་བྱ་སྤྱོད”སོགས་སྤུས་རྟགས་རྣམ་གྲངས་ལེགས་གཏོང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་མང་ཚོགས་དང་འབྲེལ་འདྲིས་དང་མི་སེམས་གཅིག་ཏུ་སྒྲིལ་བའི་གྲུབ་འབྲས་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།
ལྔ་པ། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་སྟེ།ཉོ་ཚོང་ཤར་གཏོང་དང་། མ་འཇོག་མཉམ་ལས། ཞབས་ཞུའི་ཉོ་ཚོང་སོགས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལམ་སྲོལ་སྔར་ལས་མང་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་། ཉོ་ཚོང་ཤར་གཏོང་ལས་དོན་ཚོགས་ཆུང་། མ་འཇོག་མཉམ་ལས་ལས་དོན་ཚོགས་ཆུང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”ཡི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་ཚོགས་འདུ། ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་6+1དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་ཚོགས་འདུ་སོགས་ཀྱི་ལམ་སྲོལ་གྲ་སྒྲིག་ཡག་པོ་བྱེད་དགོས། མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ་སྒོ་དབྱེ་དང་། ཁོང་ཡངས། དོ་མཉམ། ཀུན་ཕན་བཅས་ཀྱི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་སྒྲོམ་གཞི་འཛུགས་པར་སྐུལ་འདེད་གཏོང་དགོས། ད་ཡོད་ཀྱི་མཉམ་ལས་ལས་སྟེགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་མཉམ་སྐྲུན་གྱི་དགོས་མཁོའི་ཁྱད་ཆོས་དང་འཚམ་པའི་ལག་རྩལ་དང་། ཚད་གཞི། སྒྲིག་སྲོལ་བཅས་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་མུ་མཐུད་གཉེར་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་མཉམ་སྐྲུན་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ནུས་རྒྱུ་དང་། ཁྲལ་བསྡུ། དངུལ་རྩ། གནོད་འཚེ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་སོགས་ཕྱོགས་མང་བཅོས་སྐྱོང་ལམ་སྲོལ་གསར་པ་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社