分享按钮

(པར་ངོས་དང་པོར་མཐུད)1935ལོར་བྱུང་བའི་དམར་དམག་ཆུང་ཆུང་གི་གསར་བརྗེའི་གཏམ་རྒྱུད་གླེང་བའི་བྱེད་སྒོ་སྤེལ་བཞིན་ཡོད།འཛིན་གྲྭ་ཆེ་བའི་གྲོགས་པོ་ཆུང་ཆུང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་གཏམ་རྒྱུད་བློ་ལ་ངེས་རྗེས།གཏམ་རྒྱུད་དེ་འཛིན་གྲྭ་འབྲིང་བ་དང་འཛིན་གྲྭ་ཆུང་བའི་ཕྲུ་གུ་ཚོར་བཤད་ནས་རྒྱལ་གཅེས་ཀྱི་གཏམ་རྒྱུད་རེ་རེ་བཞིན་བརྒྱུད་སྤྲོད་བྱེད་བཞིན་ཡོད།

གྲོགས་པོ་ཆུང་ཆུང་ཚེ་མཚོ་སྐྱིད་ཀྱིས་གསར་འགོད་པར་གྲོགས་པོ་ཆུང་ཆུང་ཚོ་ཚང་མ་སྒྲུང་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད་ལ་ང་རང་ཡང་རང་ཉིད་ཀྱིས་ཤེས་པའི་གཏམ་རྒྱུད་མཉམ་སྤྱོད་བྱ་རྒྱུར་དགའ་པོ་ཡོད།ང་ཚོ་ཚང་མ་ཕྲུ་གུ་ཡག་ཤོས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད་བྱུང་།གྲོགས་པོ་ཆུང་ཆུང་ཐའོ་རེན་ཙེ་ཡིས་ངས་ཨ་འགོག་ཁྲའོ་རོགས་ཀྱི་དཔའ་བོ་ཧོང་ཅི་ཀོང་གི་གཏམ་རྒྱུད་དང་ད་དུང《སྐར་དམར་འོད་ཆེམ་ཆེམ》ཞེས་པ་ཤེས་ཀྱི་ཡོད།ངས་བལྟས་ན་རྒན་རབས་པ་རྣམས་ཧ་ཅང་དཔའ་བློ་ཁོག་ཆེན་པོ་འདུག ངས་ངེས་པར་དུ་ཁོང་ཚོར་སློབ་སྦྱོང་ཞུ་ཡི་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པའི་དགེ་རྒན་ཝང་ཝུན་ཡུས་ཀྱིས་གསར་འགོད་པར་སྤྲིན་ཚོམ་རླུང་འཕྲིན་ས་ཚིགས་དང་གསར་བརྗེའི་གཏམ་རྒྱུད་ཚོགས་འདུ་གཉིས་ཀྱི་ཐོག་ནས་བུ་བཅོལ་ཁང་དང་གྲོགས་པོ་ཆུང་ཆུང་།ཁྱིམ་བདག་བཅས་ཕྱོགས་གསུམ་མཉམ་འགུལ་ཐུབ་པར་བྱས་ཏེ་ཁྱིམ་བདག་གིས་གཏམ་རྒྱུད་གྲ་སྒྲིག་དང་གྲོགས་པོ་ཆུང་ཆུང་ཚོས་གཏམ་རྒྱུད་ཀྱི་ནང་དོན་འཁྲབ་སྟོན་བྱེད་པ་དང་བུ་བཅོལ་ཁང་གིས་གཏམ་རྒྱུད་ལེགས་པའི་ཁྲོད་ནས་ཕུལ་བྱུང་འདེམས་རྒྱུ་ཡིན་ཞེས་དང་། ཁོང་གིས་བྱེད་སྟངས་དེ་རིགས་བརྒྱུད།མི་རིགས་མཐུན་སྒྲིལ་གྱི་ནང་དོན་བུ་བཅོལ་ཁང་ཡོངས་ལ་ཁྱབ་པར་མ་ཟད། ཁྱིམ་བདག་ཚོས་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གཏོད་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་གཏིང་ཟབ་འཇགས་ཡོད་ཅེས་བཤད།

ལོ་བཞི་ལྔ་ལ་སླེབས་པའི་བྱིས་པ་ཚོའི་ཆེས་དགའ་ས་ནི་རོལ་རྩེད་ཡིན།དེས་ན་བུ་བཅོལ་ཁང་གིས་ལྟ་སྐོར་དང་།རོལ་རྩེད།ལུས་རྩལ་བྱེད་སྒོ་སོགས་སྒྲིག་འཛུགས་བྱས་ཏེ་ཕྲུ་གུ་ཚོར་ཀྲུང་ཧྭའི་མི་རིགས་ཁག་གི་རིག་གནས་དང་།རྒྱན་གོས།ཡུལ་སྲོལ་གོམས་གཤིས་བཅས་མི་འདྲ་བ་ཤེས་སུ་འཇུག་གི་ཡོད།དེ་ཡང་ཕྲུ་གུ་ཚོས་ལུས་ལ་མི་རིགས་ཀྱི་གྱོན་ཆས་མི་འདྲ་བ་གྱོན་ནས་དགེ་རྒན་གྱི་རྗེས་སུ་འབྲངས་ཏེ་སྨྱུག་རྩེད་དང་།ལག་ཕྱིས་འཕྲོག་རེས།མདའ་འཕེན་པ་སོགས་ཀྱི་རོལ་རྩེ་རྩེད་ནས་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད་ལ། ཚང་མས་ལག་གདང་སྦྲེལ་ནས་མི་རིགས་ཀྱི་དབྱེ་བ་མེད་པར་མཛའ་བརྩེའི་ངང་འཚོ་བཞིན་ཡོད། ལུས་སྦྱོང་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་ཆབས་ཅིག་ཕྲུ་གུ་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལུས་རྩལ་འཁྲབ་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལུས་རྩལ་ཁྲོད་ནས་མི་རིགས་མང་པོ་ཞིག་གི་མཚོན་བྱེད་རང་བཞིན་གྱི་ཞབས་བྲོའི་གཞི་རྒྱུ་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་།

ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པའི་དགེ་རྒན་རེན་ཞུའེ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལུས་སྦྱོང་ནང་ཏའེ་རིགས་དང་། སོག་རིགས། ཡུ་གུར་རིགས་སོགས་མི་རིགས་མི་འདྲ་བའི་ཞབས་བྲོའི་སྟངས་སྟབས་དང་མཉམ་འདྲེས་བྱས་ནས་ཕྲུ་གུའི་གཟུགས་གཞི་བདེ་ཐང་དང་ཕྲུ་གུའི་གཟུགས་པོའི་མཐུན་སྦྱོར་རང་བཞིན་དང་སྟབས་བསྟུན་རང་བཞིན་ལ་སྦྱོང་བརྡར་ཐེབས་པ་དང་ཆབས་ཅིག་ཕྲུ་གུ་ཚོས་མི་རིགས་ཁག་གི་ཞབས་བྲོའི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་ཤེས་རྟོགས་ཐུབ་ཡོད་ཅེས་བཤད།

ཕྲུ་གུ་ཚོས་ཏང་ལ་དགའ་ཞེན་དང་།རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དཀའ་སྤྱད་འབད་འཐབ་ཀྱི་ལོ་རྒྱུས་མྱོང་ཚོར་བྱ་ཆེད། བུ་བཅོལ་ཁང་གིས་ཕྲུ་གུ་ཚོ་སྒྲིག་འཛུགས་བྱས་ཏེ།རྒྱང་སྐྱོད་ལམ་བུར་སླར་ཡང་སྐྱོད་ཅེས་པའི་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་རྒྱང་སྐྱོད་ལམ་བུར་སྐྱོད་པའི་ཁྲོད་འགྲན་སློང་ལ་ཁ་གཏད་གཅོག་པ་དང་།ཉེན་ཁ་ལས་ཐར་བ། དཀའ་གནད་ལས་སྒྲོལ་ཕོད་པ་བཅས་བྱས་ཏེ་རྒྱང་སྐྱོད་ལམ་བུའི་ཐོག་གི་དཔའ་བོ་ཚོའི་དཀའ་ཚེགས་ཆེ་བའི་ཉམས་མྱོང་ཚོར་དུ་བཅུག་པ་རེད། དེ་ནི་དམར་དམག་གི་དམ་བི་དང་འཕྲིན་གཏོང་ཁ་པར་རེད་ཅེས་སེའུ་འབྲུ་དམར་པོའི་མེ་ཏོག་ལྡུམ་རའི་ནང་གི་ཤིང་ཁང་ཆུང་ཆུང་དེའི་ནང་དམར་དམག་ཆུང་ཆུང་བསོད་ནམས་ཚེ་རིང་གིས་གསར་འགོད་པར་དམར་དམག་རྒྱང་སྐྱོད་སྐབས་སྤྱོད་པའི་དངོས་པོ་རྙིང་པ་རེ་རེ་བཞིན་ངོ་སྤྲོད་བྱས་པར་མ་ཟད།ཁོང་གིས་ཤེས་རྟོགས་བྱུང་བའི་ཤེས་བྱ་ཡང་ངོ་སྤྲོད་བྱས།

བསོད་ནམས་ཚེ་རིང་གིས་ང་ཚོའི་རྒྱལ་ཁབ་ཀྱི་མིང་ལ་ཀྲུང་གོ་ཟེར་ཞིང་།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱལ་ས་ནི་པེ་ཅིང་ཡིན། ང་ནི་བོད་རིགས་ཡིན།ང་ཚོ་འཚོ་བ་སྐྱེལ་ཡུལ་ནི་བོད་ལྗོངས་ལྷ་ས་ཡིན། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པའི་ཡོན་ཀྲང་ཝུའུ་ཅན་གྱིས་ང་ཚོའི་སེའུ་འབྲུ་དམར་པོའི་མེ་ཏོག་ལྡུམ་རའི་ནང་ང་ཚོས་ཕྲུ་གུ་ཚོར་གསར་བརྗེའི་གཏམ་རྒྱུད་ཤེས་རྟོགས་དང་།དམར་དམག་གིས་སྤྱོད་མྱོང་བའི་དངོས་པོ་རྙིང་པ་སྣ་ཚོགས་ཤེས་རྟོགས། བྱིས་པས་དགའ་པོ་བྱེད་པའི་ཉམས་ལེན་བྱེད་སྒོའི་ཁྲོད་གསར་བརྗེའི་སྙིང་སྟོབས་གསོ་སྐྱོང་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་ས་བོན་ཕྲུ་གུ་ཚོའི་སེམས་སུ་བཏབ་ནས་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་པ་དང་།འབྲས་བུ་སྨིན་པ་བཅས་བྱེད་དུ་འཇུག་གི་ཡོད་ཅེས་བཤད།

སློབ་ལོ་མ་ལོན་གོང་གི་སློབ་གསོ་ནི་རྨང་གཞིའི་སློབ་གསོ་ཡིན་ལ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བློ་སྒོ་འབྱེད་པའི་གནད་ཅིག་ཀྱང་ཡིན།ཉེ་བའི་ལོ་ཤས་རིང་།ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སློབ་གྲྭའི་ནང་ལྷུག་པོར་བཞད་ཅེས་པའི་གཙོ་དོན་ལ་དམིགས་ནས་རིམ་སྤེལ་བྱེད་སྒོ་སྤེལ་ཏེ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་བུ་བཅོལ་ཁང་གི་རྒྱུན་གཏན་གྱི་བྱེད་སྒོ་དང་།གཅིག་སྡུད་སློབ་གསོའི་བྱེད་སྒོ། བརྗོད་དོན་གཙོ་བོའི་བྱེད་སྒོ། ས་ཁོངས་རོལ་རྩེད་བཅས་དང་དེ་བཞིན་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱས་ཡོད།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་དེ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཕན་ཚུན་མཉམ་འདྲེས་བྱས་ཏེ་ཕྲུ་གུ་ཚོའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རིམ་བཞིན་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས། ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་ཡིན་པར་ཉམས་འཇོག ཕྲུ་གུ་ཚོའི་རྒྱལ་གཅེས་བརྩེ་སེམས་སྐུལ་སྤེལ་བཅས་བྱེད་ཀྱི་ཡིན་ཡོད། ད་ཆ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྡུམ་རའི་ནང་མེ་ཏོག་རྟག་ཏུ་རྒྱས་པར་བཞད་ཅིང་།བཀའ་བཟང་གསོས་སུ་སྨིན་པ་དང་བསྟུན་ནས་མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་ཆེན་པོ་གཅིག་ཏུ་འདུས་ཡོད།

ཝུའུ་ཅན་གྱིས་སླད་ཕྱིན་ངེད་བུ་བཅོལ་ཁང་གིས་སློབ་གསོ་སློབ་ཁྲིད་ཀྱི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་དང་།ལས་ཀའི་ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་བསྡོམས།ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་སློབ་གྲྭའི་གང་སར་ཁྱབ་པར་བྱས་ནས་ཕྲུ་གུ་ཚོའི་སེམས་ནང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཛེས་སྡུག་ལྡན་པའི་ས་བོན་འདེབས་རྒྱུ་ཡིན་ལ། མི་རིགས་ཁག་གི་བྱིས་པའི་དབར་གྱི་མཛའ་བརྩེའི་འབྲེལ་བ་དང་།རིག་གནས་ཀྱི་ཐུན་མོང་རང་བཞིན།བློ་སེམས་གཅིག་མཐུན་གྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་ཞེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-28 6 6 拉萨日报藏文 c188557.html 1 /enpproperty-->