ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་26ཉིན། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སོགས་ཚན་པ་7དང་མཉམ་དུ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། རང་གྲོང་གི་སྣུམ་སྣོན་ས་ཚིགས་ཁག་གཅིག་གི་བཅོས་སྣུམ་གྱི་ཡོང་ཁུངས་དང་སྤུས་ཚད་ཚད་ལེན། ཁྲལ་བསྡུའི་དོ་དམ། ཐོན་སྐྱེད་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་བཤེར་བྱས་པ་རེད།
སྣུམ་སྣོན་ས་ཚིགས་སུ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་བཅོས་སྣུམ་གྱི་འདྲེན་ཚོང་གི་རྩིས་ཐོ་དང་། གཉེར་སྐྱོང་ཡོང་འབབ་ཀྱི་རེའུ་མིག ཁེ་སྤོགས་ཁྲལ་འཇལ་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་བརྒྱུད། ཁྲིམས་འགལ་ངང་གསོག་ཉར་དང་། དབོར་འདྲེན། བྲིན་ཚོང་བཅས་བྱས་ཡོད་མེད་ཐད་ཞིབ་བཤེར་བྱས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་མ་འཇོག་དང་ངལ་རྩོལ་འགན་བཅོལ་གཏོང་སྤྲོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ཏན་ཏིག་ཡིན་མིན་དང་རླངས་སྣུམ་སིལ་ཚོང་གི་མིང་ངོ་མ་འགོད་པའི་མ་ལག་ཡོད་མེད་སོགས་ལ་ཞིབ་བཤེར་བྱས་ཡོད། ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཐོན་པའི་གནད་དོན་ཐད་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ། སྒྱུར་བཅོས་བྱེད་པའམ་ཡང་ན་དུས་བཀག་ལྟར་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད།འབྲེལ་ཡོད་སྣུམ་སྣོན་ས་ཚིགས་ལ་བཅོས་སྣུམ་གྱི་འཁོར་རྒྱུག་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ལ་བརྩི་སྲུང་ཏན་ཏིག་ཞུ་བ་དང་། ཡིད་རྟོན་གཉེར་སྐྱོང་དང་སྣུམ་སྣོན་ས་ཚིགས་ཀྱི་འགན་འཁུར་བ་གཙོ་བོས་སྣེ་ཁྲིད་དེ་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། བདེ་འཇགས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོ་བ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་མུ་མཐུད་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་བཅོས་སྣུམ་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社