ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ་དང་། རྗེས་མའི་དཔལ་འབྱོར་གྱི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ལོ་འདི་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འགག་གཏོར་དཀའ་སེལ་དང་ཁ་གཏད་ནན་འཇལ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་པ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་པས། དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ། དམངས་འཚོར་འགན་ལེན་ཏན་ཏིག་བྱུང་བ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་ལ་འཕེལ་རིམ་བཟང་པོ་ཐོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། རང་རྒྱལ་དཔལ་འབྱོར་གྱི་གཞི་རྩའི་རྣམ་པ་དང་ཁྲོམ་ར་རྒྱ་ཆེ་བ། དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་སོགས་ཀྱི་ཕན་ཡོད་ཆ་རྐྱེན་ལ་འགྱུར་བ་ཕྱིན་མེད། དུས་མཚུངས་སུ། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་ཐད་གནས་ཚུལ་དང་གནད་དོན་གསར་པ་ཁག་གཅིག་ཐོན་ཡོད་པས། མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་ཁྱོན་ཡོངས་དང་། དོན་དངོས་དང་མཐུན་པ། བབ་བརླིང་བཅས་ཀྱི་སྒོ་ནས་ལྟ་སྟངས་འཛིན་པ་དང་། དཀའ་ངལ་ལ་མཐོང་ཆེན་བྱེད་པ་དང་སེམས་ཤུགས་བརྟན་དུ་བཏང་ནས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཙོ་གནད་ལ་དམ་འཛིན་དང་རང་འགུལ་ངང་ལས་དོན་བསྒྲུབས་ནས། གསོག་འབོར་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། འཕར་འབོར་སྲིད་ཇུས་འདོན་རྒྱུར་ཤུགས་རྒྱག་པ། སྲིད་ཇུས་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོ་འགན་ལེན་བྱས་ཏེ། གཞི་རིམ་གྱི“འགན་ལེན་གསུམ”གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་གྱི་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་འགྲེམ་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ཏེ། སྲིད་གཞུང་གི་མ་འཇོག་སྐུལ་ཁྲིད་ནུས་པ་འདོན་སྤེལ་སྔར་བས་བྱེད་དགོས། བཅོལ་དངུལ་གྲབས་གསོག་གི་དངུལ་ཚད་དམའ་རུ་བཏང་སྟེ་སྐྱེད་ཀ་གཅོག་ཤུགས་ཆེ་རུ་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་ཆག་པ་ནས་བརྟན་པོར་ལོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཚོང་སྒྱུར་ཁང་པ་འཛུགས་སྐྲུན་བྱེད་པར་འཕར་ཚད་ཚོད་འཛིན་ནན་པོ་བྱེད་པ། གསོག་འབོར་ལེགས་འགྱུར་བྱེད་པ། སྤུས་ཚད་མཐོ་རུ་གཏོང་བ། “མིང་ཐོ་དཀར་པོའི”རྣམ་གྲངས་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社