分享按钮

ལྗོངས་རྟེན་མཛོད་ཁང་གིས་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་ནས་དགུ་པའི་བཅོ་བརྒྱད་བརྗེད་མི་རུང་ཞེས་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ལངས་ནས་ལོ་ངོ་93འཁོར་བའི་དུས་སུ།ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཆེད། ཟླ་9ཚེས་18ཉིན།ལྗོངས་རྟེན་མཛོད་ཁང་གིས་ཆེད་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་བྱིས་པའི་ཉམས་ལེན་ཁང་གི་འཛུལ་སྒོར་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གིས་སྔ་ས་ནས་བསྒུགས་ནས་བསྡད་ཡོད་པ་དང་།ལས་དོན་པས་ཚང་མའི་སྣེ་ཁྲིད་དེ《ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་ཀྲུང་ཧྭ་དར་རྒྱས་ཡོང་བར་བྱེད་དགོས་པ་སྟེ།རི་པིན་གྱིས་ཀྲུང་གོའི་བྱང་ཤར་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་དངོས་འགྲེམས་སྟོན》གྱི་འགྲེམས་ཁང་དུ་བསྐྱོད་དེ་པར་རིས་དང་དངོས་པོ་མང་པོ་ཞིག་གི་ཐོག་ནས་རི་པིན་གྱིས་དྲག་ཤུགས་ལ་བརྟེན་ནས་ཀྲུང་གོའི་བྱང་ཤར་བཙན་བཟུང་དང་།བྱང་ཤར་མི་དམངས་བྲན་དུ་བཀོལ་བའི་མུན་ནག་གི་ལོ་རྒྱུས་འགྲེམས་སྟོན་བྱས་པ་རེད། ལྟ་སྐོར་བྱེད་རིང་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་རེད།

གྲོང་མི་ཀྲང་མིང་གིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་གྱི་ན་གཞོན་མི་རབས་ཤིག་ཡིན་པའི་ངོས་ནས་ང་ཚོས་བརྙས་བཅོས་མྱོང་བའི་ལོ་རྒྱུས་དེ་བརྗེད་མི་སྲིད། ང་ཚོས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལ་སློབ་སྦྱོང་དང་རྒྱལ་གཅེས་ཀྱི་བརྩེ་སེམས་དེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་དུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་བསྙོན་འཛུགས་བྱེད་ཐབས་བྲལ་པ་དང་ན་ཟུག་ཆེ་བའི་ལོ་རྒྱུས་ཀྱི་དོན་དངོས་དེར་ཕྱིར་དྲན་བྱས་ཏེ། ཡིད་སྐྱོ་བའི་ལོ་རྒྱུས་ཀྱི་བསླབ་བྱ་དེ་སེམས་ལ་བརྟན་པོར་ངེས་དགོས་པའི་བརྡ་གཏོང་ཆེད་ཡིན་ལ།རྒྱལ་ཁབ་ཉམས་ཆུང་ན་གཞན་གྱིས་ཐུབ་ཚོད་གཏོང་བ་དང་།རྗེས་ལུས་ཐེབས་ན་བཙན་འཛུལ་ཕོག་པ། དབུལ་ཕོངས་སུ་ལུས་ཚེ་མནར་གཅོད་གཏོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་བསླབ་བྱ་དང་དུ་བླངས་ནས། འབད་འབུངས་ལྷོད་མེད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོང་དང་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་ཕྱིར་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་བླང་བྱ་བསྟན་ཆེད་ཡིན།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 6 6 拉萨日报藏文 c188437.html 1 ལྗོངས་རྟེན་མཛོད་ཁང་གིས་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་ནས་དགུ་པའི་བཅོ་བརྒྱད་བརྗེད་མི་རུང་ཞེས་པའི་བྱེད་སྒོ་སྤེལ་བ། /enpproperty-->