ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་9ཚེས་20ཉིན།རང་གྲོང་གི་གྲོང་ཁྱེར་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་མཉམ་འབྲེལ་ཚོགས་འདུ་དང་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་ཐོག ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།དཔྱད་བསྡུར་གཏན་འབེབས་ཀྱི་མ་ལག་པར་གཞི་གསར་པ་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལ་དམིགས་པ། གནད་དོན་ལ་དམིགས་པ།བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་གོང་འོག་སྦྲེལ་མཐུད་ཀྱིས་མཉམ་དུ་ཤུགས་སྣོན་རྒྱག་པའི་ལས་ཀའི་རྣམ་པ་ཞིག་ཧུར་ཐག་བཏོད་དེ།གྲོང་ཨུད་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
ཚོགས་འདུའི་ཐོག 《རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་དམིགས་ཚད་མ་ལག་དང་དེ་བཞིན་དཔྱད་བསྡུར་གཏན་འབེབས་ཀྱི་བླང་བྱ(2023ལོའི་པར་གཞི)》དང་།《རྒྱལ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་དམིགས་ཚད་མ་ལག་དང་དཔྱད་བསྡུར་གཏན་འབེབས་ཀྱི་བླང་བྱ》ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། གྲོང་ཁྱེར་དོ་དམ་ཅུས་དང་།སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ། ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་རང་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས་གཏམ་བཤད་སྤེལ་བ་རེད།
ཚོགས་འདུའི་ཐོག རིམ་པ་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་གསར་གཏོད་ལ་དམ་འཛིན་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།དཀའ་གནད་ལ་དམིགས་ནས་བཅོས་སྒྱུར་ལ་དམ་འཛིན་བྱེད་པ། དམིགས་ཚད་ཀྱི་ཕྱོགས་སྟོན་འཛུགས་པ་དང་སྟོབས་ཤུགས་སྤྱི་འདོམས་བྱས་ནས་གསར་གཏོད་ལ་དམ་འཛིན་བྱེད་པ། ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་སྣང་ཆེན་བྱེད་པའི་ཐོག་ནས་ལས་ཀའི་འགན་འཁྲི་འཁུར་སེམས་དང་།ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཤུགས་ཆེར་ཏན་ཏིག་གཏོང་བ།དམིགས་ཚད་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རང་གྲོང་གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པ་བཅས་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་ཀའི་ཆུ་ཚད་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་།ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་།རིག་གནས་ཀྱི་མཐུན་རྐྱེན་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社