分享按钮

རྒྱལ་ཁབ་གློག་དྲ་ལྷ་སའི་གློག་མཁོ་འདོན་ཀུང་སིས་མང་ཚོགས་ཀྱི་དུད་ཚང་གི་གློག་སྐུད་ལ་སྒྱུར་བཀོད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་གཙོ་གཉེར་བྱས་པའི“དུས་རབས་ཀྱི་མིག་དཔེའི”སྙིང་སྟོབས་ལ་སློབ་སྦྱོང་དང་གྲོང་ཚོར་བཅའ་སྡོད་ཀྱིས་མང་ཚོགས་ཀྱི་དུད་ཚང་གི་གློག་སྐུད་ལ་སྒྱུར་བཀོད་བྱེད་པའི་བྱེད་སྒོ་སྙེ་མོ་རྫོང་མར་རྐྱང་ཤང་གྱང་ཉལ་གྲོང་ཚོར་སྤེལ་བ་རེད།

གྱང་ཉལ་གྲོང་ཚོའི་གྲོང་མིའི་ཁྱིམ་དུ་ལས་དོན་པས་ཞིབ་ཚགས་པའི་སྒོ་ནས་ཁྱིམ་ཚང་ཚང་མའི་གློག་སྐུད་རྙིང་པ་བརྗེས་ནས་ནུས་རྒྱུ་བསྲི་ཚགས་ཀྱི་གློག་ཆས་གསར་པ་སྒྲིག་སྦྱོར་བྱས་ཡོད། ཁོང་ཚོས་ངང་རྒྱུད་རིང་པོས་ཡུལ་མི་ཚོར་བདེ་འཇགས་ངང་གློག་སྤྱོད་པའི་ཤེས་བྱ་འགྲེལ་བཤད་བརྒྱབ་པས་ཁོང་ཚོའི་ཆེད་ལས་ཀྱི་བྱང་ཚད་ལ་ཡུལ་མི་ཚོའི་བསྔགས་བརྗོད་ཐོབ་ཡོད། སྙེ་མོ་རྫོང་མར་རྐྱང་ཤང་གྱང་ཉལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དུད་ཚང་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། ཡུལ་མི་མི་ཉུང་བ་ཞིག་གི་ཁྱིམ་གྱི་གློག་སྐུད་རྙིང་པར་གྱུར་ཡོད་པ་ཤེས་ནས་འབྲེལ་ཡོད་ཚན་པ་དང་འབྲེལ་གཏུགས་བྱས་རྗེས། གྱང་ཉལ་གྲོང་ཚོའི་གློག་སྐུད་ལ་མཉམ་དུ་སྒྱུར་བཀོད་བྱ་རྒྱུའི་ཐག་བཅད་ཡོད། ངས་གྱང་ཉལ་གྲོང་ཚོའི་ཡུལ་མི་ཡོངས་ཀྱི་ཚབ་ཞུས་ནས་ལས་དོན་རུ་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ས་བབ་མཐོ་ཚད་སྨི་4600ཡོད་པའི་གྱང་ཉལ་གྲོང་ཚོར་རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུའི་རུ་ཁག་གི་རུ་མི་ཚོས་དཀའ་ངལ་ལ་མ་འཛེམས་པར་གྱང་ཉལ་གྲོང་ཚོའི་ཚོགས་ཆུང་དང་པོ་དང་། གཉིས་པ། བཞི་པ་བཅས་ཀྱི་དུད་ཚང་200ལྷག་ཙམ་ལ་གློག་སྐུད་སྒྱུར་བཀོད་ཀྱི་ལས་དོན་སྤེལ་བ་དང་། ཆབས་ཅིག་མང་ཚོགས་ལ་བདེ་འཇགས་ངང་གློག་སྤྱོད་དགོས་པའི་སྐོར་གྱི་རྒྱུན་ཤེས་དྲིལ་བསྒྲགས་ཀྱང་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེས་རྒྱ་ཆེའི་ཡུལ་མི་ཚོར་བློ་བདེའི་གློག་དང་། བློས་འགེལ་ཆོག་པའི་གློག བློ་ཡིད་ཚིམ་པའི་གློག་བཅས་སྤྱོད་རྒྱུ་བྱུང་བར་མ་ཟད། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་མི་དམངས་ཀྱི་ཆེད་དུ་གློག་ལས་སྒྲུབ་ཅེས་པའི་ཁེ་ལས་ཀྱི་དམིགས་ཡུལ་ཡང་མངོན་པར་བྱས་ཡོད་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 6 6 拉萨日报藏文 c188435.html 1 རྒྱལ་ཁབ་གློག་དྲ་ལྷ་སའི་གློག་མཁོ་འདོན་ཀུང་སིས་མང་ཚོགས་ཀྱི་དུད་ཚང་གི་གློག་སྐུད་ལ་སྒྱུར་བཀོད་བྱས་པ། /enpproperty-->