ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སུའུ་ཀྲོའུ་དང་ལྷ་ས་གཉིས་པོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉིན་ཤས་གོང་། སུའུ་ཀྲོའུ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“སུའུ་ལྷའི་བསམ་པ་གཅིག་ཏུ་སྦྲེལ། ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པའི་དམངས་ཕན་གྱི་རིག་རྩལ་འཁྲབ་སྟོན་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཐུགས་གྲ་ལེགས་འགྲིག་ངང་གཉེར་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་འཁྲབ་སྟོན་ལ་གཟིགས་པར་ཕེབས་པ་རེད།
འཁྲབ་སྟོན་དེ་ལྷ་མོ《བཀྲ་ཤིས་པའི་སྙན་དབྱངས》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། སུའུ་ཀྲོའུ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་སྒྱུ་རྩལ་པ་ཚོས་གར་སྟེགས་སུ་གླུ་གཞས《ང་རང་ཀྲུང་གོར་དགའ》དང་། ཨོག་ལེན་ཆུང་བ་མཉམ་དཀྲོལ《མཁའ་ལམ་སྣེ་ཁྲིད》 སྟོད་གཞས《བསོད་ནམས་འབྲས་གཞོང》 མིག་འཕྲུལ《ཡུལ་སྐོར་ལམ་བུ》སོགས་རེས་མོས་ཀྱིས་འཁྲབ་སྟོན་བྱས་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ། དེ་རྗེས་སུའུ་ཀྲོའུ་གྲོང་ཁྱེར་ནས་ཡོང་བའི་སྒྱུ་རྩལ་པ་ཚོས་ཁུན་ཧྲན་གྱི་ཁྲང་ཞི་དང་གཞས་མ་གཏམ་སོགས་ལེ་ཚན་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་ལྷ་ས་ནས་ཡུལ་དེ་གའི་མཛེས་སྡུག་དང་ཤེས་དཔལ་ཉམས་སུ་མྱོང་ཐུབ་ཡོད། ས་གནས་གཉིས་པོའི་སྒྱུ་རྩལ་པས་རྩོམ་སྒྲིག་ཞིབ་ཚགས་བྱས་པའི་ལེ་ཚན་ཁྲོད། སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་དང་། མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་མཉམ་འདྲེས་བྱུང་ནས་ས་གནས་གཉིས་པོའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 1994ལོར་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཚུན། སུའུ་ལྷ་ཡུལ་གཉིས་ཀྱིས་ཁྱབ་ཁོངས་མང་པོ་དང་རིམ་པ་མང་པོའི་སྒོ་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཐེངས་འདིའི་བྱེད་སྒོས་སུའུ་ལྷ་ཡུལ་གཉིས་ཀྱི་རིག་གནས་མཉམ་འདྲེས་དང་སྤེལ་རེས་ཀྱི་ཚད་ཟབ་ཏུ་ཕྱིན་པ་མ་ཟད། ས་གནས་གཉིས་པོའི་མང་ཚོགས་དབར་གྱི་མཛའ་གྲོགས་ཀྱང་ཟབ་ཏུ་ཕྱིན་ནས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་ལེའུ་གསར་པ་ཞིག་བརྩམས་ཡོད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社