ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་6ཉིན་གྱི་སྔ་དྲོར། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་གྲོང་ཁྱེར་ཡོངས་ཀྱི་ཏང་ཕྱིའི་མི་སྣའི་འཐུས་མིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་སྒྲོག་འགྲེལ་ལ་ཞུགས་པ་རེད།
གདན་ཞུས་ལྟར་གྲོང་ཨུད་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་དཔྱོད་ཁང་གི་སྒྲོག་འགྲེལ་པ་ཀརྨ་དགེ་ལེགས་ཀྱིས《ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ》ཞེས་པ་ཁ་བྱང་དུ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་། སྒྱུར་བཅོས་ཀྱི་སྤྱིའི་དམིགས་ཚད་ལས་འགན། ལག་བསྟར་དོན་འཁྱོལ་བྱ་ཐབས་བཅས་ཕྱོགས་གསུམ་གྱི་ཐད་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། སྒྲོག་འགྲེལ་དེར་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། གོ་རིམ་ཁ་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། གནད་ལ་འཕིགས་པ་བཅས་ཀྱི་ཁྱད་ཆོས་འཛོམས་པས། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཆུད་པ། སྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
ཚོགས་ཞུགས་མི་སྣས་ནན་ཏན་ངང་ཉན་པ་དང་བསམ་གཞིགས་གཏིང་ཟབ་བྱས་པ་རེད། ཏང་ཕྱིའི་མི་སྣའི་འཐུས་མི་ཐན་ཀོང་ཝུའེ་ཡིས། དེ་རིང་སྒྲོག་འགྲེལ་ལ་ཉན་རྗེས་སློབ་གསོ་ཐོབ་བྱུང་ལ་བློ་སྒོའང་ཕྱེ་བྱུང་། ཕྱིར་ལོག་རྗེས། ངས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱ་རྒྱུ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ།དུས་རབས་གསར་པའི་ལྷ་སའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐབས་དང་ཇུས་ཧུར་ཐག་འདོན་རྒྱུ་ཡིན་ཞེས་བཤད།
ཚོགས་འདུའི་ཐོག ད་དུང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། ཉེ་དུས་ལྷ་སའི་སྤྱི་ཚོགས་དང་། དཔལ་འབྱོར། བྱ་གཞག་ཁག་འཕེལ་རྒྱས་སུ་འགྲོ་ཚུལ་བརྡ་ཁྱབ་བཏང་བ་རེད།
གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་མི་སྣའི་འཐུས་མི་90ཙམ་སྒྲོག་འགྲེལ་ཚོགས་འདུར་ཞུགས་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社