分享按钮

སྟག་རྩེ་ཆུས་ཀྱི་དང་བླངས་པས་ཞིང་པར་བཙས་མ་བརྔ་རོགས་བྱས་པ།

པར་འདི་ནི་སྟག་རྩེ་ཆུས་ཀྱི་དང་བླངས་པས་ཞིང་པར་བཙས་མ་བརྔ་རོགས་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སླར་ཡང་ལོ་ཏོག་བསྡུ་བའི་དུས་ཚིགས་ཤར་ཞིང་།སེར་པོ་གསེར་གྱི་ཞིང་ཐང་དུ་ལོ་ལེགས་བསྡུ་བའི་དགའ་སྤྲོའི་རྣམ་པས་ཁེངས། ཟླ་9ཚེས་6ཉིན་སྟག་རྩེ་ཆུས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། དང་བླངས་པ་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ལ་བཙས་མ་བརྔ་རོགས་བྱས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱས་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་རེད།

དང་བླངས་པ་ཚོ་ཞོགས་པ་སྔ་པོ་ནས་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་ཚོགས་ཆུང་3པ་དང་4པའི་ཞིང་ནང་དུ་ཡོང་ཞིང་།ཁོང་ཚོས་མགོ་ལ་ཞྭ་མོ་དམར་པོ་དང་ལུས་ལ་ཕུ་མེད་སྟོད་གོས་དམར་པོ་གྱོན་ནས་སྙིང་སྟོབས་རབ་ཏུ་འཕེལ་བཞིན་རྔ་བསྡུའི་ལས་ལ་གཞོལ་པ་ནི་གསེར་མདོག་གིས་བཀླུབས་པའི་ཞིང་ནང་དུ་རྣམ་པར་བཀྲ་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། དང་བླངས་པ་ལ་ལས་ཟོར་བ་ཁྱེར་ནས་བརྔ་བསྡུ་ཧུར་ཐག་བྱེད་པ་དང་། ལ་ལས་འབྲུ་དབོར་ཏེ་སྟོན་བསྡུའི་འཐབ་ཕྱོགས་དང་པོར་དཀའ་སྤྱད་འབད་འཐབ་ཀྱིས་ལས་ལ་བརྩོན་པས།ཞིང་ནང་དུ་ཏང་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ནས་ལོ་ཏོག་ཚང་མ་མཛོད་ནང་དུ་འཇུག་པའི་མང་ཚོགས་ཀྱི་དཀའ་ངལ་སེལ་བའི་དང་བླངས་ཞབས་ཞུའི་རྣམ་པ་ཞིག་མངོན་བཞིན་ཡོད་པ་རེད།

དར་རྒྱས་གྲོང་ཚོའི་ཚོགས་ཆུང་བཞི་པའི་གྲོང་མི་ཟླ་བ་སྒྲོལ་མས་འདི་ལོའི་ནས་ཀྱི་ཐོན་འབབ་ཡག་པོ་འདུག འཕྲུལ་ཆས་ཀྱིས་བརྔ་བསྡུ་བྱེད་པའི་ཁར་དང་བླངས་པས་རོགས་རམ་བྱས་པས་འབྲུ་མགྱོགས་མྱུར་བསྡུ་ཐུབ་བྱུང་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་དཔག་བྱས་ན་འདི་ལོ་སྟག་རྩེ་ཆུས་ཀྱི་གྲོའི་ཆ་སྙོམས་མུའུ་རེའི་ཐོན་ཚད་ལ་སྤྱི་རྒྱ་440ཙམ་དང་ནས་མུའུ་རེའི་ཐོན་ཚད་ལ་སྤྱི་རྒྱ་395ཙམ་ཟིན་རྒྱུ་རེད། མིག་སྔར་ཁོངས་གཏོགས་ཁུལ་གྱི་སྟོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ད་ཐེངས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་ཞིང་ནང་དང་མུ་ཁར་སྤེལ་ནས་ཤེས་དཔལ་སྲོལ་གསར་གྱིས་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་པར་བྱས་པ་རེད། མང་ཚོགས་དང་འབྲེལ་འདྲིས་དང་།དམངས་འཚོར་ཕན་འདོགས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་སྟག་རྩེའི་དང་བླངས་ཞབས་ཞུས་མང་ཚོགས་ཀྱི་མཐའ་མའི་འགག་གནད་སེལ་བའི་རྒྱུན་རྣམ་ཅན་གྱི་ལག་ལེན་ཞིག་ཏུ་འགྱུར་རྒྱུ་རེད། སླད་ཕྱིན་སྟག་རྩེ་ཆུས་ཀྱིས་དང་བླངས་སྟོབས་ཤུགས་དེ་བས་མང་བ་གོང་བུ་གཅིག་ཏུ་བསྒྲིལ་ནས་དམངས་ཀྱི་འདོད་བློར་ཉན་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བའི་དང་བླངས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ།རྒྱུན་རྣམ་ཅན་དང་།ཞིབ་ཚགས་ཅན།སྤུས་ལེགས་ཅན་བཅས་ཀྱི་སྒོ་ནས་ཞིང་ལས་ལ་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་སྟག་རྩེ་ཆུས་ཀྱི་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཝུའུ་དབྱི་ཧྥན་གྱིས་དེ་ནི་ངས་བཙས་མ་རྔ་ཐེངས་དང་པོ་ཡིན།གསེར་འོད་ལམ་ལམ་དུ་འཕྲོ་བའི་ནས་དེ་དག་མཐོང་སྐབས་ལོ་ལེགས་ཀྱི་དགའ་སྣང་བྱུང་ལ་ཞིང་པ་ནི་ལས་སླ་པོ་ཞིག་མིན་པ་དངོས་སུ་མྱོང་ཚོར་ཡང་བྱུང་། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་སླད་ཕྱིན་གྱི་ལས་ཀའི་ཁྲོད་ང་ཚོས་མི་དམངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་ལྕག་ཐེབས་བྱུང་ཞེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187656.html 1 སྟག་རྩེ་ཆུས་ཀྱི་དང་བླངས་པས་ཞིང་པར་བཙས་མ་བརྔ་རོགས་བྱས་པ། /enpproperty-->