分享按钮

ལོ་ལྔའི་སྲུང་སྐྱོང་འཆར་གཞི་ལག་བསྟར་ལ་སྐུལ་འདེད་གཏོང་བ།

རྒྱལ་ཡོངས་ཀྱི་བོད་ལུགས་གསོ་བ་རིག་པའི་སྨན་ལུམས་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་ལོ་ལྔའི་སྲུང་སྐྱོང་འཆར་གཞི་ལག་ལེན་དུ་བསྟར་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་9ཚེས་6ཉིན། རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད། རྒྱལ་སྨན་སློབ་དཔོན་ཆེ་མོ་བ་དང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དེ་སྔའི་ཡོན་ཀྲང་དགྲ་འདུལ་གྱིས་ཤིས་ཚིག་གསུངས་པ་དང་། རྒྱལ་སྨན་སློབ་དཔོན་ཆེ་མོ་བ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབང་འདུས་ཀྱིས་བོད་ལུགས་གསོ་བ་རིག་པའི་སྨན་པའི་ཀུན་སྤྱོད་སྐོར་ནས་གསུང་བཤད་གནང་བ་རེད།

བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཕྱི་བཅོས་ཚན་པའི་ཀྲུའུ་རེན་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དེ་2018ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་ལོ་ལྔའི་སྲུང་སྐྱོང་འཆར་གཞི་ལག་བསྟར་གྱི་ཇུས་གཞི་བཏོན་པ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཕྱི་བཅོས་ཚན་པ་དེ་ཉིད་རྒྱལ་ཡོངས་ཀྱི་ལུམས་བཅོས་ལྟེ་གནས་ཆེ་ཤོས་ཡིན་པས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་ལོ་ལྔའི་སྲུང་སྐྱོང་འཆར་གཞི་ལག་བསྟར་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཤིང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེའང་ལོ་ལྔའི་སྲུང་སྐྱོང་འཆར་གཞིའི་ཁྲོད་ཀྱི་སྲོལ་རྒྱུན་སྲུང་སྐྱོང་བྱ་ཐབས་ཤིག་ཡིན།

སྒྲོལ་མས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ལོ་རྒྱུས་ཀྱི་རིགས་པའི་གཞུང་ལུགས་དང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་། སྨན་བཅོས་ཕན་འབྲས་སོགས་ཕྱོགས་མང་པོ་དང་རིག་ཚན་མང་པོར་གྲོས་བསྡུར་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུ་དང་། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དམིགས་ཡུལ་དུ་བྱས་ཏེ། ལུམས་བཅོས་གཙོ་བོར་བྱེད་པའི་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་སྨན་བཅོས་ལག་རྩལ་རྒྱུན་འཛིན་དང་། ཁྱབ་གདལ། ཞིབ་འཇུག བེད་སྤྱོད་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

ཚོགས་འདུའི་ཐོག བོད་ལུགས་གསོ་རིག་མཁས་དབང་ཚོས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་རྨང་གཞི། ནད་ཐོག་སྨན་བཅོས། ད་དུང་སྨན་རྒྱུ་འདེམས་སྟངས། བཟོ་རྩལ་སོགས་ཀྱི་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས་ཤིང་། བོད་ལུགས་གསོ་རིག་མཁས་དབང་དང་བོད་སྨན་མཁས་དབང་200ཙམ་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད།

ཚོགས་ཞུགས་སྨན་དོན་པའི་འཐུས་མི་ཚེ་སྒྲོན་གྱིས། ཐེངས་འདིའི་བོད་ལུགས་གསོ་རིག་གི་ལུམས་བཅོས་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་ནས་ལུམས་བཅོས་ཐད་སྔར་བས་རྒྱུས་ལོན་ཐུབ་བྱུང་། ངའི་ངོས་ནས་བརྗོད་ན་རྒྱུན་གཏན་གྱི་ལས་ཀ་དང་ལག་ལེན་ཁྲོད་ཕན་ཆེན་པོ་ཐོགས་རྒྱུ་རེད་ཅེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 རྒྱལ་ཡོངས་ཀྱི་བོད་ལུགས་གསོ་བ་རིག་པའི་སྨན་ལུམས་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ། 6 6 拉萨日报藏文 c187653.html 1 ལོ་ལྔའི་སྲུང་སྐྱོང་འཆར་གཞི་ལག་བསྟར་ལ་སྐུལ་འདེད་གཏོང་བ། /enpproperty-->