分享按钮

བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་བ།

རང་གྲོང་གི་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དེ་བཞིན་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་སྙེ་མོ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་འབྲུབ་འགོག་གེགས་སེལ་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་བཏོན་པའི་བླང་བྱ་ལག་བསྟར་གཏིང་ཟབ་བྱ་ཆེད། རང་གྲོང་གི་རྫོང(ཆུས)ཁག་གི་གོང་འོག་ཚང་མས་འབྲུབ་འགོག་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་འགན་ལེན་བྱས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་ནང་དོན་གསལ་འགྲེལ་བྱས་ཡོད།

ད་ལོའི་འབྲུབ་ཆུ་རྒྱས་དུས་ནས་བཟུང་། སྙེ་མོ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སྔོན་འགོག་གཙོ་བོ་དང་འགོག་རྒོལ་རོགས་གསུམ་ཟུང་དུ་འབྲེལ་བའི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་འབྲུབ་འགོག་ཐན་འགོག་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཟླ་7ཚེས་24ཉིན་དྲག་ཆར་མང་པོ་བབས་པས་སྙེ་མོ་ཤང་དུ་འདམ་རུད་ཀྱི་གནོད་འཚེ་ཐེངས་མང་ཐོན་ནས་འགྲོ་ལམ་དང་། ཞིང་ཁ། ཁང་པ་སོགས་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། དེའི་ནང་ནས་གདོང་དཀར་གྲོང་ཚོར་གནོད་འཚེ་ཅུང་ཚབས་ཆེ་བ་ཕོག་ཡོད། གནོད་འཚེ་ཐོན་རྗེས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་སྙེ་མོ་རྫོང་གདོང་དཀར་གྲོང་ཚོར་ཕེབས་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཐད་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཆུ་ཚོད་24ཡི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ལས་རེས་ལས་སྲུང་གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་དགོས་པར་མ་ཟད། འགྲོ་ལམ་གཤོང་བ་དང་། ཆུ་ལམ་གཤོང་བ། ཞིང་ག་བསྐྱར་དུ་འདེབས་པ་སོགས་གེགས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད། སྙེ་མོ་རྫོང་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་འདམ་རུད་ཀྱི་གནོད་འཚེ་ཐག་གཅོད་བྱེད་པའི་ལས་དོན་གྱི་ཆེད་དོན་ཚོགས་ཆུང་གཉིས་བཙུགས་པ་དང་འབྲེལ་བཀོད་སྒྲིག་སེམས་གསོ་ཚོགས་ཆུང་དང་། ཤུལ་ལུས་བཀོད་སྒྲིག་ཚོགས་ཆུང་། འཕྲལ་སྡོམ་འགན་ལེན་ཚོགས་ཆུང་། གེགས་རྗེས་བསྡོམས་རྩིས་ཚོགས་ཆུང་། སླར་གསོ་བསྐྱར་སྐྲུན་ཚོགས་ཆུང་བཅས་ལས་དོན་ཚོགས་ཆུང་5བཙུགས་ནས་འགན་འཁྲི་གཞིར་བཟུང་ཁག་བགོས་ནས་ལས་དོན་སྤེལ་ཡོད།

གནོད་འཚེ་མ་ཐོན་གོང་། སྙེ་མོ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་གནོད་འཚེའི་མདུན་དུ་ནུས་པ་ཆེ་བ་དང་། ཆེད་ལས་ལག་རྩལ་མཐོ་བ། འགན་འཁྲི་ཁུར་སེམས་ཆེ་བ་བཅས་ཀྱི་འཕྲལ་སྡོམ་དཔུང་ཁག་ཅིག་བཙུགས་ཡོད། ཟླ་7ཚེས་24ཉིན་འདམ་རུད་སོགས་ཀྱི་ཐོལ་བྱུང་གནོད་འཚེ་འཕྲད་སྐབས། སྙེ་མོ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ་དང་འབྲེལ་གནམ་གཤིས་དང་ཆུ་བེད་སོགས་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་ནས། གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་དང་གནོད་འཚེའི་ཆ་འཕྲིན་གསར་ཤོས་རག་ཐབས་བྱས་ཏེ།ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་པ་དང་འབྲེལ་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་ཛ་དྲག་ངང་རོགས་སྐྱོབ་བྱས་ཡོད། ཁོང་ཚོས་འདམ་རྫབ་དང་ཉེན་ཁའི་ཁྲོད་དུ་ཡར་རྒྱུག་མར་རྒྱུག་བྱས་ཏེ། དཀའ་ངལ་འཕྲད་པའི་མང་ཚོགས་རེ་རེ་བཞིན་བསྐྱབས་ཡོད། བརྒྱུད་རིམ་དེའི་ནང་། རིམ་ཁག་ལས་བྱེད་པ་དང་ལས་དོན་པས་ཉིན་མཚན་དབྱེར་མེད་དུ་ལས་ཀ་བྱས་ཏེ། མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད། ཁོང་ཚོའི་དཀའ་སྤྱད་འབད་བརྩོན་དང་ནུས་པ་ཆེ་བའི་བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད།

གནོད་འཚེའི་གནས་ཚུལ་བརྟན་དུ་ཕྱིན་པ་དང་ཆབས་ཅིག་སྙེ་མོ་རྫོང་གིས་འཕྲལ་མར་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་སྤེལ་འགོ་ཚུགས་ཤིང་། སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་ཏེ། གེགས་ཁུལ་ལ་མ་དངུལ་དང་། ཅ་དངོས། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བྱས་ཡོད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་། ཟམ་པ། ཁང་པ་བཅས་ཉམས་གསོ་བྱུང་བར་མ་ཟད། ཞིང་ཁ་ཡང་བསྐྱར་དུ་བཏབ་པས་ཐོན་སྐྱེད་སླར་གསོ་བྱུང་ཡོད།

སྙེ་མོ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་རིམ་པ་བཞི་པའི་བརྟག་ཞིབ་པ་རྣམ་རྒྱལ་ཕུན་ཚོགས་ཀྱིས། ད་ལོའི་འབྲུབ་དུས་མ་ཤར་གོང་དུ་སྙེ་མོ་རྫོང་གིས་དེ་སྔོན་གྱི་རང་བྱུང་གནོད་འཚེ་དང་འདམ་རུད་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྔ་སྣུར་དུ་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། སྙེ་མོ་རྫོང་གི་ཤང་གྲོང་8ཀྱི་སྲིད་འཛིན་གྲོང་ཚོ་32ཚང་མར་དེ་སྔ་སྤྱིར་ན་འདམ་རུད་ཆེ་ཆུང་སྣ་ཚོགས་འཕྲད་མྱོང་བས། དེ་སྔོན་གྱི་ཉམས་མྱོང་དང་འཕྲལ་སྡོམ་སྔོན་ཇུས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 རང་གྲོང་གི་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། 6 6 拉萨日报藏文 c187648.html 1 བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་བ། /enpproperty-->