分享按钮

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གཅིག་གི་འགོ་ཁྲིད་དང་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོཊ་ཁང་ཆེན་མོར། ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་སོ་མ་ལིའི་སྲིད་འཛིན་མ་ཧ་མའོ་ཏེ་དང་མཇལ་འཕྲད་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་སོ་མ་ལིའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་སོ་མ་ལི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། སོ་མ་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་རྒྱུད་ཀྱི་རྒྱལ་ཁབ་དང་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ཉམས་སད་ཐེག་མྱོང་། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་ཕྱོགས་དང་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་སོ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། སོ་མ་ལིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུ་དང་སོ་མ་ལིའི་ཞི་བདེ་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། སོ་མ་ལི་ཕྱོགས་དང་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་བསྐྱེད་འདོད་ཡོད་ལ། ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་། ཉ་ལས། མི་ཤུགས་ཐོན་ཁུངས་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སོ་མ་ལིའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་མུ་མཐུད་རོགས་དངུལ་སྤྲོད་རྒྱུ་དང་། སོ་མ་ལིའི་རང་བརྟེན་འཕེལ་རྒྱས་དང་། འཇིཊ་སྐུལ་ལ་ངོ་རྒོལ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སོ་མ་ལི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་རྒྱལ་ཁབ་ལ་བདམས་ཐོན་བྱུང་བ་དང་ཨ་ཧྥེ་རི་ཁ་ཤར་མའི་གཅིག་མཐུན་ཚོགས་པའི་ནང་དངོས་སུ་ཞུགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།

མ་ཧ་མའོ་ཏེ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གཙོ་གཉེར་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་སོགས་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་དང་། ཁ་སང་གླེང་སྟེགས་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཁྱབ་བསྒྲགས་གནང་བའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་བྱ་ཐབས་གལ་ཆེན་རྣམས་ནི། ཨ་ཧྥེ་རི་ཁ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་ཞི་བདེ་དང་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་དང་མཐུན་པས། སོ་མ་ལི་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་དུས་བཀག་ལྟར་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་ངེས་ཡིན་པ་དང་། ཨ་ཧྥེ་རི་ཁ་དང་འཛམ་གླིང་གི་སྣེ་ཁྲིད་དེ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད། སོ་མ་ལིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པར་མ་ཟད། སོ་མ་ལིའི་དཔལ་འབྱོར་འཛུགས་སྐྲུན་ཐད་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སོ་མ་ལིས་བདེ་འཇགས་དང་བརྟན་ལྷིང་ཡོང་རེ་བྱེད་པ་དང་། ཀྲུང་གོ་འདི་ཉིད་བློས་འགེལ་ཆོག་པའི་རོགས་ཟླ་དང་གྲོགས་པོར་བརྩི་བཞིན་ཡོད་ལ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སོ་མ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བཞིན་ཡོད།

དབུ་ཚོགས་རིང་ཀྲུང་སོ་ཕྱོགས་གཉིས་པོས་རླུང་འཕྲིན་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པ་རེད།

ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར། ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་པུ་རུན་ཏིའི་སྲིད་འཛིན་ཨེན་ཏ་དབྱི་ཧྲི་སྨི་ཡེ་དང་མཇལ་འཕྲད་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་པུ་རུན་ཏི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ལོ་མང་རིང་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཐེག་ནས་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པའི་རོགས་ཟླ་བཟང་པོ་དང་། དཀའ་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་པའི་སྤུན་ཟླ་ཡག་པོ་ཞིག་ཏུ་གྱུར་ཡོད། ཀྲུང་པུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ཡོད་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ཐོག་རང་སྟོབས་རང་སྐྱེད་བྱེད་པར་ཡང་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད། ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་དུས་མཚམས་རྗེས་མའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་བསྣན་པ་དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ལོ་རྒྱུས་ཐོག་ཏུ་ལམ་ཚད་རྡོ་རིང་གསར་པ་ལྟ་བུར་གྱུར་ཡོད། ཕྱོགས་གཉིས་པོས་ཐེངས་འདིའི་གླེང་སྟེགས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ནས་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187482.html 1 ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གཅིག་གི་འགོ་ཁྲིད་དང་མཇལ་འཕྲད་གནང་བ། /enpproperty-->