分享按钮

ཞི་ཅིན་ཕིང་གིས་གླིང་ཆེན་ཨ་ཧྥེ་རི་ཁའི་མཁས་ དབང་ལ་འཕྲིན་ལན་སྤྲིངས་གནང་བ།

(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས་བསྟན་དོན། ཉིན་ཤས་གོང་། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་རྒྱུའི་དུས་རབས་ཀྱི་དུང་བརྡ་བསྒྲགསཡོད། ཞི་བདེའི་འཕེལ་རྒྱས་དོན་གཉེར་དང་སྒྱུར་བཅོས་སྒོ་དབྱེའི་སེམས་འདུན་བཅངས་པའི་ཀྲུང་གོ་ཞིག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ན། འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་དྲང་བདེན་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་འཛམ་གླིང་དེང་རབས་ཅན་གྱི་འཕེལ་རིམ་སྤྱི་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་དང་དར་རྒྱས་གཏོང་བར་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ངེས་རེད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་ད་བར་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན། འགྱུར་ལྡོག་དང་། ཟང་ཟིང་། མཉམ་འདྲེས་བཅས་ཀྱི་འཛམ་གླིང་གི་དུས་བབ་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་འཚོག་ཉེར་ཡོད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་གཉིས་པོའི་འགོ་ཁྲིད་སླར་ཡང་ལྷན་འཛོམས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་མོལ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་སྔར་བས་བརྗིད་ཉམས་ལྡན་པའི་མདུན་ལམ་གཏོད་རྒྱུ་རེད། ཁྱེད་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཏ་ལེ་སི་ས་ལ་མུའུ་ཡི་ཐུན་མོང་གི་ངོས་འཛིན་གྱི་རྨང་གཞིའི་ཐོག་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲོ་ལམ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱ་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་གལ་ཆེན་མུ་མཐུད་འདོན་སྤྲོད་བྱེད་དགོས།

ཉེ་ཆར། ལྷོ་ཨ་ཧྥེ་རི་ཁའི་བསླབ་པ་རྒན་གྲས་ཀྱི་ཕྱི་འབྲེལ་དཔོན་ཟུར་པ་དང་། ཀྲེ་ཅང་དགེ་འོས་སློབ་ཆེན་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་གི་མཚན་འཛིན་དགེ་རྒན་ཆེན་མོ་བ་ཀེ་ལུའོ་པུའུ་ལེ་ཡིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་50ནས་ཡོང་བའི་མཁས་དབང་63དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ། སྐབས་གསར་པའི་གླེང་སྟེགས་དབུ་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དེང་རབས་ཅན་མཉམ་བསྐྲུན་གྱི་ལེའུ་གསར་པ་བརྩམ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-01 6 6 拉萨日报藏文 c187543.html 1 ཞི་ཅིན་ཕིང་གིས་གླིང་ཆེན་ཨ་ཧྥེ་རི་ཁའི་མཁས་ དབང་ལ་འཕྲིན་ལན་སྤྲིངས་གནང་བ། /enpproperty-->