(པར་ངོས་དང་པོར་མཐུད)འཇིག་རྟེན་འཕུར་སྐྱོད་706 ཐུང་ཤིན་མཉེན་ཆས།ཅིན་ཧྲན་གཞུང་དོན་སོགས་པེ་ཅིང་ཆ་འཕྲིན་ལག་རྩལ་གསར་གཏོད་ཀྱི་ཁེ་ལས་གཙོ་བོའི་སྟོབས་ཤུགས་འདུས་ཡོད།བཀའ་རྒྱའི་མ་ལག་དང་།CPUཉིང་ལྷེབ།བཀོལ་སྤྱོད་མ་ལག་ནས་འཕྲུལ་འཁོར་ཧྲིལ་པོའི་བར།སློབ་གསོའི་ཐག་གཅོད་ཇུས་གཞི་བཅས་ཚང་མ་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་པེ་ཅིང་གི་ཇུས་གཞི་ཆ་ཚང་ཞིག་ཆགས་ནས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལ་རང་རྒྱལ་ནས་ཐོན་པའི་རྩིས་འཁོར་དང་།སློབ་ཁྲིད་ཀྱི་འཕྲུལ་མི།རིག་ནུས་ཀྱི་ནག་པང་།སློབ་ཁྲིད་ཀྱི་མཉེན་ཆས་བཅས་ཁག་གཅིག་བཀོད་སྒྲིག་བྱས་པས།སློབ་གྲྭའི་སློབ་མ་2000གྱི་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱུང་ཡོད།
ཝང་མིང་ཀྲེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་པེ་ཅིང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་གཙོ་གནད་རོགས་སྐྱོར་བྱ་ཡུལ་སློབ་གྲྭ་ཞིག་རེད།ལོ་མང་རིང་།པེ་ཅིང་བོད་སྐྱོར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་གཉེར་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཞིང་།མིག་སྔར།སློབ་གྲྭ་དེ་རང་སྐྱོང་ལྗོངས་ཀྱི་སྤུས་ལེགས་སློབ་གྲྭའི་གྲས་ཤིག་ཏུ་གྱུར་ཡོད།ད་ཐེངས་ཀྱི་ཆ་འཕྲིན་ལག་རྩལ་གསར་གཏོད་སློབ་ཁང་ཞལ་འདེབས་བརྒྱབ་པ་ལས་སློབ་གྲྭའི་མཁྲེགས་ཆས་འཛུགས་སྐྲུན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་འགྲོ་རྒྱུ་ཡིན་ལ་པེ་ཅིང་གི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ཐད་ལའང་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་སྤུས་ལེགས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་།གྲངས་གཞིའི་བཀག་རྒྱ་མེད་པར་བཟོ་བ།སློབ་གསོའི་ཧེ་བག་ཆུང་དུ་གཏོང་བ།སློབ་གསོ་གྲངས་གཞི་ཅན་དུ་འགྱུར་བའི་ཚན་རྩལ་གྱི་ལེགས་ཆ་དེ་ལྷ་སའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
ཝང་མིང་ཀྲེས་ཉེ་བའི་ལོ་ཤས་རིང་།པེ་ཅིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གོ་ལ་ཧྲིལ་པོའི་གྲངས་གཞིའི་དཔལ་འབྱོར་ཚོགས་ཆེན་དང་ཀྲུང་གོ(པེ་ཅིང)རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ཏེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་བྱེད་སྒོ་ཆེ་གྲས་གཉིས་གངས་ལྗོངས་ས་མཐོར་ནང་འདྲེན་བྱས་ནས་ལྷ་ས་གྲོང་ཁྱེར་ལ་སྐར་ཁུང་ཞིག་ཕྱེ་བར་མ་ཟད།ལྷ་སར་གྲངས་གཞིའི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྟབས་བདེའི་ཆ་རྐྱེན་ཡང་བསྐྲུན་ཡོད།མིག་སྔར།ཏང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཆགས་པར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད།དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་ཀྱང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་མང་པོ་བཏོན་ཞིང་།ས་གནས་གཉིས་ཀྱི་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ལྷ་སའི་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་རྒྱུ་རེད་ཅེས་ནན་གསུངས་གནང་བ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社