(པར་ངོས་དང་པོར་མཐུད)ཟླ་བརྒྱད་པའི་ཟླ་མཇུག་ཏུ་སྙེ་མོ་རྫོང་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང(གཤམ་དུ་གླིང་ཁུལ་ཞེས་བསྡུ་རྒྱུ)གི་སེའུ་དམར་དྲོད་ཁང་ཆེན་མོར་སྐྱོད་སྐབས་མིའི་གཟུགས་ཚད་དང་འདྲ་བའི་སྲེའུ་སྡོང་གྲལ་སྟར་འགྲིག་པ་དང་སྐྱེ་ཚུལ་ལེགས་པོ་ཡོད་པ་རེད།སེའུ་དམར་དྲོད་ཁང་ཆེན་མོའི་དོ་དམ་པ་བསོད་ནམས་དབང་རྒྱལ་གྱིས་2023ལོའི་ཟླ་6པ་ནས་བཟུང་།པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ལུང་ཝན་ཐུན་གྲོང་རྡལ་གྱིས་སྔ་རྗེས་སུ་མི་ཐེངས་14བཏང་ནས་སྐྲུན་བཞིན་པའི་དྲོད་ཁང་ཆེན་མོ་དང་།དངོས་སུ་འདེབས་འཛུགས་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་དང་། ཚད་གཞི་ཚད་ལྡན་དུ་བཏང་ནས་ཁག་དང་པོའི་དྲོད་ཁང་ཆེན་མོ་26སྒྱུར་བཀོད་བྱས་ཤིང་སེའུ་དམར་གླིང་ཁུལ་ནང་འདེབས་ཐུབ་པའི་འགན་ལེན་བྱས་པ་རེད། སེའུ་དམར་གྱི་ཤིང་སོན་འབྱོར་རྗེས་ཧྲུན་དབྱི་ཆུས་ཀྱི་འདེབས་འཛུགས་རིགས་གཅིག་མཁས་ཅན་6གིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འདེབས་འཛུགས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། སེའུ་དམར་ཤིང་སོན་གྱི་གསོན་ཚད་དང་ཐོན་ཚད་འགན་ལེན་བྱས་པ་རེད། བོད་སྐྱོར་ལས་བྱེད་པ་དང་། རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཉིན་ལྟར་གླིང་ཁུལ་དུ་བཅར་འདྲི་གཏིང་ཟབ་བྱེད་པ་དང་། ཟིན་བྲིས་ཡག་པོ་བརྒྱབ་ནས་དུས་ཐོག་ཏུ་གནས་ཚུལ་ཁོང་དུ་ཆུད་པ་དང་གནད་དོན་ལན་སྤྲོད་བྱེད་ཀྱི་ཡོད། 2024ལོར། གླིང་ཁུལ་དུ་སེའུ་དམར་གྱི་ཤིང་སོན་ཁྱོན་ཁྲི་1.5ཡོད་པ་དང་། དབྱར་དུས་སུ་འདེབས་འཛུགས་བྱས་པའི་ཤིང་སོན་གྱི་གསོན་ཚད་དང་ཐོན་ཚད་དེ་བརྒྱ་ཆ་70ཟིན་ཡོད་ལ། འདི་ལོའི་ཟླ་བ་6དང་7པར་ཤིིང་འབྲས་རྒྱ་མ་5200ཐོན་པ་དང་ཕྱིར་ཚོང་གི་དངུལ་འབོར་སྒོར་ཁྲི་40ཟིན་ཡོད་ཅེས་བཤད།
བསོད་ནམས་དབང་རྒྱལ་གྱིས་པེ་ཅིང་བོད་སྐྱོར་གྱི་རིགས་གཅིག་མཁས་ཅན་6གིས་སྙེ་མོ་རྫོང་གི་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་དང་། གནམ་གཤིས། འོད་འཕྲོ། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ནས་ཤོང་སོན་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འདེབས་འཛུགས་བྱེད་ཐབས་ངོ་སྤྲོད་དང་། འདེབས་འཛུགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ། སྤྱོད་གོ་ཆོད་པའི་འདེབས་འཛུགས་ལག་རྩལ་བཅས་བསླབས་ནས་ང་ཚོར་འདེབས་འཛུགས་ཐད་མཛུབ་ཁྲིད་བྱས་ཏེ།སེའུ་དམར་ཤིང་སོན་གྱི་གསོན་ཚད་དང་ཐོན་ཚད་འགན་ལེན་བྱས་ཡོད་ཅིང་། ཟླ་3པའི་ཟླ་མཇུག་བར།ང་ཚོའི་དྲོད་ཁང་ཆེན་མོ་26གི་སེའུ་དམར་གྱི་ཤིང་སོན་ལ་ཡལ་བཞུར་རྒྱག་པ་དང་། ལུད་རྒྱག་པའི་ལྷུ་ཚིགས་ལེགས་གྲུབ་ཟིན་པས་སེའུ་དམར་གྱི་ཤིང་སོན་7500བཏབ་རྗེས་ཚང་མ་གསོན་ཐུབ་པ་བྱུང་ཡོད། ཕྱིས་འབྱུང་། ང་ཚོ་སྙེ་མོ་རྫོང་ས་གཙང་ཀུང་སིས་སེའུ་དམར་གྱི་སྤུས་ཚད་འགན་ལེན་དང་སེའུ་དམར་གྱི་ཐོན་ཚད་མང་དུ་བཏང་ནས་ས་གནས་འདི་གའི་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གིས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ལུང་ཝན་ཐུན་གྲོང་རྡལ་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ནས་འབྲི་ཏ་ས་འཛིན་དང་། སེའུ་དམར། ཁམ་བུ་སོཊ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འདེབས་འཛུཊ་ནུས་པ་འཕེལ་རྒྱས་སུ་བཏང་སྟེ་ཐོན་ཁུངས་ཀྱི་ལེཊ་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེགས་ཆ། ཁྲོམ་རའི་ལེགས་ཆ་བཅས་སུ་རིམ་སྤོར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་བྱུང་ཡོད།
བོད་སྐྱོར་ལས་བྱེད་པ་དང་སྙེ་མོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉིའུ་ཡའོ་ཆིས་བོད་སྐྱོར་བྱས་ནས་ལོ་གཉིས་སོང་ཚུན། སེའུ་དམར་གྱི་ཐོན་ཚད་རྒྱ་མ་1500ནས་རྒྱ་མ་5200བར་འཕར་བ་དང་། དྲོད་ཁང་གཅིག་གི་འབྲི་ཏ་ས་འཛིན་ཕྱིར་ཚོང་བྱས་པར་དངུལ་སྒོར་ཁྲི་8ཟིན་ཡོད་ལ། འདི་ལོ་དང་སང་ལོར་ས་མཐོའི་ཁྱད་ལྡན་ཞིང་ལས་ད་དུང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་ཡིན་པ་དེ་ནི་ས་གནས་དེ་གའི་མང་ཚོགས་དང་། ཏང་ཡོན་ལས་བྱེད་པ། བོད་སྐྱོར་ལས་བྱེད་པ་བཅས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པས་ང་ཚོས་ཚོགས་པའི་ཐུན་མོང་གི་བློ་གྲོས་དང་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཞིང་ལས་ཐོན་རྫས་དང་།ལག་རྩལ་ཤེས་ལྡན་པ་དེ་བས་མང་བ་ནང་འདྲེན་བྱས་ཏེ་འདེབས་འཛུགས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
སྙེ་མོ་རྫོང་གཞུ་སྨད་ཤང་དུ་སླེབས་སྐབས་དེང་རབས་ཅན་གྱི་ཆུ་ཚན་མགྲོན་ཁང་ཞིག་ལམ་འགྲམ་དུ་གནས་པ་དང་། གནམ་སྔོན་སྤྲིན་དཀར་གྱི་གཟབ་རྒྱན་སྤྲས་པའི་འོག་མཐའ་འཁོར་གྱི་ཡུལ་ལྗོངས་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད། ཨར་ཁང་གི་ཆུ་ཚན་རྫིང་བུའི་ནང་མི་མང་དག་ཅིག་གིས་ཆུ་ཚན་རྒྱག་པའི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ལུས་སེམས་ཞི་ལྷོད་དུ་གཏོང་བཞིན་ཡོད། གསོལ་མགྲོན་ཁང་ནང་དེང་རབས་ཅན་གྱི་སྒྲིག་བཀོད་དང་ཁྱིམ་ཆས་བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་བར་རིམ་པ་མི་འདྲ་བ་དང་།རང་སོའི་ཁྱད་ཆོས་ལྡན་པའི་ཞག་སྡོད་ཀྱི་གདམ་ག་བྱེད་དུ་བཅུག་པར་མ་ཟད། ད་དུང་ཇ་ཁང་། མཱ་ཅང་ཁང་སོགས་ཕུན་སུམ་ཚོགས་པའི་སྤྲོ་གསེང་རོལ་རྩེད་ཀྱི་བྱེད་སྒོ་ཁང་མཁོ་འདོན་བྱས་ཡོད་པ་དང་། ཟླ་འགའི་སྔོན་ལ་འདི་ནི་བེད་མེད་དུ་ལུས་པའི་ཐོག་བརྩེགས་ཁང་པ་ཞིག་རེད། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ནུས་ལྡན་ངང་བེད་སྤྱོད་ཐུབ་པ་དང་ཐོན་ལས་རྣམ་གྲངས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱ་ཆེད། 2023ལོར། སྙེ་མོ་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིས་ཁེ་ལས་ཀྱིས་རང་གྲབས་བྱས་པའི་མ་རྩ་དང་། དེ་བཞིན་བོད་སྐྱོར་རོགས་དངུལ་སྒོར་ཁྲི་201.245སྤྱད་དེ་དེ་སྔའི་བེད་མེད་དུ་ལུས་པའི་ཐོག་བརྩེགས་ཁང་པར་ཁྱོན་ཡོངས་ནས་མཛེས་བཟོ་སྒྱུར་བཀོད་བྱས་པ་དང་། ཆུ་འབུད་དང་གློག་ཤུགས་སྒྲིག་བཀོད་སོགས་འཐུས་སྒོ་ཚང་དུ་བཏང་ནས་2024ལོའི་ཟླ་7ཚེས་24ཉིན་ནས་བཟུང་ཆུ་ཚན་མགྲོན་ཁང་ལས་གཉེར་བྱེད་འགོ་ཚུགས་པ་རེད།
སྙེ་མོ་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིའི་ཏུང་ཧྲི་ཀྲང་བསོད་ནམས་ཚེ་རིང་གིས་གཟའ་ཟླ་བ་ནས་གཟའ་པ་སངས་བར་གསོལ་མགྲོན་ཁང་གི་ཉིན་རེའི་ཚོང་གཉེར་ཡོང་འབབ་སྒོར་3000ནས་4000བར་ཟིན་པ་དང་། འགྲོ་འོང་བྱེད་མཁན་མི་གྲངས་60ཡས་མས་ཟིན་ཡོད། འོན་ཀྱང་གཟའ་མཇུག་ཏུ་སླེབས་ཚེ་ཚོང་གཉེར་གྱི་ཡོང་འབབ་སྒོར་6000ཟིན་པར་མ་ཟད།མི་གྲངས་ལྡབ་གཅིག་གི་མང་བ་ཡོད། མིག་སྔར། གསོལ་མགྲོན་ཁང་ནང་མི་6གཏན་འཇགས་ལས་ཞུགས་བྱས་ཡོད་པ་དང་།གྲོང་ཚོའི་ནང་ལོ་ལྟར་གཏན་འཇགས་ཁེ་སྤོགས་སྒོར་ཁྲི་10བགོ་བཤའ་རྒྱག་གི་ཡོད། ཕྱིས་འབྱུང་། ང་ཚོའི་ལྷ་སའི་བྱང་སྐོར་ལམ་གྱི་ཡུལ་སྐོར་མཛེས་ལྗོངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྙེ་མོ་རྫོང་གི་ཡུལ་ཁོངས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
རྩ་འཛུགས་དར་རྒྱས་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་སེམས་ནུས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། སྙེ་མོ་རྫོང་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་ཚོ(གྲོང་ལྷན)རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། དར་གྲོང་གྲོང་རྡལ་དྲིན་སྐྱོང་གྲོང་ལྷན་གྱི་བསམ་པའི་རིག་གནས་འཛུགས་སྐྱོང་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་3732.45ཟིན་པ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི་250བཏང་ནས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་། ཁང་ཕྱིའི་ལུས་སྦྱོང་ཁུལ། ལན་ཆིའུ་སྤོ་ལོའི་ཐང་།དར་ཆ་སྒྲེང་སའི་སྟེགས་བུ། མང་ཚོགས་ཀྱི་རིག་གནས་གར་སྟེགས་བཅས་འཛོམས་པའི་བྱེད་སྒོའི་ཐང་ཆེན་གསར་སྐྲུན་བྱས་ཡོད། ཉིན་ཤས་གོང་། རྣམ་གྲངས་དེའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་སྒྲོམ་གཞི་གཙོ་བོའི་ཨར་ལས་ལེགས་གྲུབ་ཟིན་པ་དང་། ད་ཆ་གྱང་ངོས་ལ་ཞལ་བ་རྒྱག་པ་དང་བྱེད་སྒོའི་ཐང་ཆེན་གྱི་ཨར་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་ཟླ་9པའི་ཟླ་མཇུག་གོང་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
སྙེ་མོ་རྫོང་དར་གྲོང་གྲོང་རྡལ་དྲིན་སྐྱོང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཁམས་བདག་གི་གསར་འགོད་པར། ང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་དེ་སྔོན་ས་རྒྱ་ཆུང་བ་དང་གྲོང་མིའི་ཁང་པ་བོགས་མར་བླངས་མཁན་ཞིག་ཡིན། བོད་སྐྱོར་མ་དངུལ་གྱི་རོགས་རམ་འོག་སྙེ་མོ་རྫོང་ཨུད་རྩ་འཛུགས་པུས་ང་ཚོར་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁང་པ་གསར་པ་རྒྱག་རོགས་བྱས་པ་དང་། ཏང་ཡོན་གྱི་བྱེད་སྒོ་ཁང་དང་ཡངས་ཤིང་རྒྱ་ཆེ་བའི་མང་ཚོགས་ཞབས་ཞུའི་ལྟེ་གནས་ཡོད་པས་ང་ཚོའི་སེམས་ནང་ཧ་ཅང་དགའ་པོ་བྱུང་། རྣམ་གྲངས་དེས་ད་དུང་ཞིང་འབྲོག་མང་ཚོགས་ཀྱི་ལས་མིར་འབབ་འཕར་སྒོར་ཁྲི་20ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། གཙོ་བོ་ཆེ་ཤོས་ནི་མང་ཚོགས་ལ་སྟབས་བདེ་སྐྲུན་པ་དང་ཞབས་འདེགས་ཞུ་ཐུབ་པ་དེ་རེད་ཅེས་བཤད།
ཁ་གཏད་བོད་སྐྱོར་བྱས་ནས་ལོ་30སོང་རིང་། པེ་ཅིང་གྲོང་ཁྱེར་གྱིས་བོད་སྐྱོར་རྣམ་གྲངས་དང་མ་དངུལ་བརྩོན་ལེན་དང་ དོན་འཁྱོལ་ཧུར་ཐག་བཅས་བྱས་ཏེ་ཚོགས་སྒྲིག་ཆུང་ཆུང་གི་བོད་སྐྱོར་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དེ་སྙེ་མོ་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཏན་ཏིག་འཇགས་པར་བྱས་ཡོད།ད་ལྟའི་ཆར། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་8.68བཏང་ནས་རྣམ་གྲངས་178ལག་བསྟར་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་བ་དང་། སྨན་བཅོས་སློབ་གསོ། ཐོན་ལས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ།རིག་གནས་གཡུལ་ས། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་མང་པོར་དམིགས་ནས་ཐོན་ལས་རོགས་སྐྱོར་ལྟེ་བར་འཛིན་པ་དང་། རིག་སྟོབས་ཀྱི་རོགས་སྐྱོར་འགག་རྩར་འཛིན་པ། སྤྱི་ཚོགས་ཀྱི་རོགས་སྐྱོར་ཁ་གསབ་ཏུ་འཛིན་པ་བཅས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་བོད་སྐྱོར་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ།སྙེ་མོའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་པ་དང་དེང་རབས་ཅན་གྱི་འཕེལ་རྒྱས་མྱུར་ལམ་ཐོག་བསྐྱོད་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
སྙེ་མོ་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་རྫོང་དཔོན་གཞོན་པ་ལི་མིང་ཅེས་བོད་སྐྱོར་བྱས་ནས་ལོ་30སོང་རིང་སྙེ་མོ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ད་དུང་དམངས་འཚོའི་སྤྱི་པའི་ཞབས་ཞུ་ཚུད་ཡོད་པས་ངོ་བོའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད། ཕྱིས་འབྱུང་། ང་ཚོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་པེ་ཅིང་གི་བོད་སྐྱོར་ལས་དོན་གྱི་བླང་བྱ་གཞིར་བཟུང་།གཞི་རིམ་གྱི་དམངས་འཚོའི་ཁྱབ་ཁོངས་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་རྒྱལ་སའི་ཐོག་མའི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། བོད་སྐྱོར་ལས་དོན་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྙེ་མོ་རྫོང་གི་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་རྒྱས་འགྲོ་རྒྱུར་རོགས་རམ་བྱ་ཆེད་རང་ནུས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社