分享按钮

ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་དང་མཇལ་འཕྲད་གནང་བ།

(པར་ངོས་དང་པོར་མཐུད)བཀག་སྡོམ་ཕྱི་བཤོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་མེད། ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས་ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་རྒྱུ་དེ་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པའི་བརྟན་བརླིང་གི་འབྱུང་ཁུངས་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་དབར་འབྲེལ་གཏུག་བྱེད་པར། གལ་ཆེ་ཤོས་དེ་ནི་ཡང་དག་པའི་ཆབ་སྲིད་ཀྱི་ངེས་ཤེས་འཛུགས་རྒྱུ་དེ་ཡིན་པས། དང་ཐོག་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་དེ་ནི་ཁ་གཏད་དང་རོགས་ཟླ་གང་ཞིག་ཡིན་མིན་གྱི་སྤྱིའི་དྲི་བ་འདིར་ལན་ཡག་པོ་ཞིག་འདེབས་དགོས། ཀྲུང་གོས་ཕྱི་ཕྱོགས་ལ་བཟུང་བའི་སྲིད་ཇུས་ནི་ཡོངས་བསྒྲགས་ཁ་གསལ་ཞིག་དང་། འཐབ་ཇུས་ཀྱི་དམིགས་ཡུལ་ནི་ཁ་གསལ་གཏིང་གསལ་ཞིག་ཡིན་ཞིང་། ཚད་མཐོའི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ང་ཚོས་རང་ཉིད་ཀྱི་དོན་དག་ཡག་པོ་བསྒྲུབ་རྒྱུར་དམིགས་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། ཀྲུང་གོའི་རྒྱལ་ཚུལ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་ཟམ་མི་ཆད་པར་གཏོང་བཞིན་ཡོད། ཀྲུང་གོས་ཞི་བདེ་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད་ཅིང་། རང་ངོས་ཀྱི་གོང་འཕེལ་དོན་གཉེར་བྱེད་པ་དང་ཆབས་ཅིག་ཏུ་རྒྱལ་ཁབ་གཞན་དག་དབར་ཐུན་མོང་གོང་འཕེལ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོས་ཨ་རིར་འཛིན་པའི་སྲིད་ཇུས་ནི་རྒྱུན་མཐུད་རང་བཞིན་ཆེན་པོ་ལྡན་པ་ཞིག་རེད། མ་གཞི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་གནས་ཚུལ་དང་།ཀྲུང་གོ་དང་ཨ་རིའི་འབྲེལ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད་མོད། འོན་ཀྱང་ཀྲུང་གོས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་རུང་བ་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཧུར་ཐག་གཞོལ་བའི་དམིགས་འབེན་དེར་འགྱུར་ལྡོག་བཏང་མེད་པ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ལ་གཞིགས་ཏེ།ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ལ་འགྱུར་ལྡོག་བཏང་མེད་པ། རང་སོའི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་བཏང་མེད་པ། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་བྱེད་པར་འབད་བརྩོན་བྱ་རྒྱུར་འགྱུར་ལྡོག་བཏང་མེད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས།ཨ་རི་དང་ཀྲུང་གོ་གཉིས་ཁ་ཕྱོགས་གཅིག་པའི་ཕྱོགས་སུ་སྐྱོད་པ་དང་། ཀྲུང་གོ་དང་ཀྲུང་གོའི་གོང་འཕེལ་ལ་དགེ་མཚན་ལྡན་ཞིང་རྗེས་དཔག་གི་རྣམ་འགྱུར་ཐོག་ནས་ལྟ་སྟངས་འཛིན་པ། ཕན་ཚུན་དབར་གྱི་གོང་འཕེལ་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་རྩོད་དུ་བརྩི་མི་རུང་བར། ཀྲུང་གོ་ཕྱོགས་དང་ལྷན་དུ་ཤེས་དཔལ་མི་འདྲ་བ་དང་། ལམ་ལུགས་མི་འདྲ་བ། བགྲོད་ལམ་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་གཉིས་སའི་གོ་ལའི་ཐོག་ཞི་བདེ་མཉམ་གནས་དང་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་ཞིག་རྙེད་པར་བྱས་ཐོག ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་བརླིང་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲེལ་བ་ཡག་ཏུ་འགྲོ་བ་དང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུ་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

ཧྲ་ལི་ཝུན་གྱིས།སྲིད་འཛིན་པའེ་ཏེང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཞི་ཅིན་ཕིང་གིས་མཛད་བྲེལ་ལ་མ་ལྟོས་པར་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཨ་རི་དང་ཀྲུང་གོའི་གཙོ་བདག་ནས་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་གནང་ཚུན་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་པར་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད། ང་རང་གིས་ད་ཐེངས་ཀྲུང་གོར་ཡོང་ནས་ཀྲུའུ་རེན་ཝང་དབྱི་དང་འཐབ་ཇུས་ཀྱི་འབྲེལ་གཏུག་གཏིང་ཟབ་བྱས་པ་དེ་ལྷག་བསམ་ཟོལ་མེད་ཡིན་ལ།ངོ་བོའི་རང་བཞིན་དང་དགེ་མཚན་ལྡན་པ་ཞིག་ཀྱང་རེད། ཨ་རི་ཕྱོགས་ཀྱིས“འཇམ་འཐབ་གསར་པ”རྒྱག་རེ་མི་བྱེད་པ་དང་། ཀྲུང་གོའི་སྒྲིག་སྲོལ་བསྒྱུར་རེ་མི་བྱེད་པ། མནའ་མཐུན་མ་ལག་ཤུགས་ཆེར་བཏང་ནས་ཀྲུང་གོར་ངོ་རྒོལ་བྱེད་རེ་མི་བྱེད་པ། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་ཏུ་ལངས་འདོད་མེད་པ་བཅས་ང་རང་ནས་བསྐྱར་བསྒྲགས་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགྱུར་ལྡོག་བཏང་མེད་པ་དང་། ཐའེ་ཝན་དེ་ཀྲུང་གོ་བཀག་འགོག་བྱེད་པའི་ལག་ཆར་བརྩི་བའི་བསམ་བློ་མེད། ཨ་རིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུགས་མུ་མཐུད་རྒྱུན་འཁྱོངས་ཀྱིས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་དང་།ཨ་རི་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་གོང་འཕེལ་འགྲོ་བའི་ཐབས་ལམ་རྙེད་ཐུབ་པ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྲིད་འཛིན་པའེ་ཏེང་གིས་མི་རིང་བར་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུགས་གནང་རྒྱུའི་གོ་སྐབས་ཐོབ་རེ་གནང་བཞིན་འདུག་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ཧྲ་ལི་ཝུན་ནས་སྲིད་འཛིན་པའེ་ཏེང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་པ་དང་། སྲིད་འཛིན་པའེ་ཏེང་དང་མུ་མཐུད་འབྲེལ་གཏུཊ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁ་ལོ་བསྒྱུར་བར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས་ཡོད།

ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 6 6 拉萨日报藏文 c187526.html 1 ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་དང་མཇལ་འཕྲད་གནང་བ། /enpproperty-->