分享按钮

ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་ཁོངས་ཁེ་ལས་དང་སྤྱི་དབང་ལམ་ལུགས་མིན་པའི་ལས་རིགས་ཏང་ཨུད་ཀྱི་ཁོངས་གཏོགས་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་། ཏང་ཡོན། དེ་བཞིན་རྫོང(ཆུས)ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་འགན་འཁུར་བ་བཅས་སྒྲིག་འཛུགས་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱིའི་བཀོད་སྒྲིག་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་དམིགས་ཚད་དང་ལས་འགན་ཐད་འགྲེལ་བཤད་བརྒྱབ་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་ཁ་ཕྱོགས་གསལ་པོར་བསྟན་ཡོད།ཚོགས་ཞུགས་ཁེ་ལས་པ་ཚོས་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། འབད་འཐབ་ཀྱི་སྙིང་སྟོབས་གསོ་སྐྱོང་དང་འཇོན་ཐང་ཡག་པོ་སྦྱོང་བརྡར་བྱ་རྒྱུ་དང་། ཏང་ཡོན་གྱི་ཆབ་སྲིད་གོ་རྟོགས་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

ཡ་ལན་ཁྱིམ་ཆས་ལྷ་སའི་ཀུང་སིའི་འགན་འཁུར་བ་ཡན་རུའེ་ཡིས། ད་རེས་སློབ་སྦྱོང་བྱས་པ་བརྒྱུད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ནི་འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། དོན་ཆེན་གྲོས་མོལ་བྱེད་པ། ཁྱོན་ཡོངས་དོན་གཉེར་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ་བྱུང་ལ། ལམ་བུ་གསར་པར་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་བརྩམ་ཆེད་འཆར་གཞི་བཀོད་ཅིང་། དམངས་གཉེར་ཁེ་ལས་ལ་གསར་གཏོད་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་ཡང་རྟོགས་བྱུང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏོན་ཧྥེང་ཀྲིས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཟམ་ལྟ་བུའི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་དང་། ཁེ་ལས་ཀྱི་སྣེ་ཁྲིད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཀའི་ཆུ་ཚད་དང་ལས་ཕྱོད་མཐོ་རུ་གཏོང་བ། མདུན་ལ་ཕྱོགས་ནས་ཞབས་འདེགས་ཞུ་བ། ཁེ་ལས་ཀྱི་སྣེ་ཁྲིད་ནས་རང་འཛུགས་རང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་ནས་གོང་དུ་འཕེལ་བར་བྱ་རྒྱུ་ཡིན་ཞེས་བཤད།

ཚོགས་འདུའི་ཐོག ད་དུང་ཁྲིམས་ལུགས་ཆེད་མཁས་པ་གདན་དྲངས་ནས《ཀུང་སིའི་བཅའ་ཁྲིམས》ལ་བཟོ་བཅོས་བརྒྱབ་པའི་རྒྱབ་ལྗོངས་དང་ནང་དོན་འགྲེལ་བཤད་བརྒྱབ་པས། ཚོགས་ཞུགས་ཁེ་ལས་པ་ཚོས《ཀུང་སིའི་བཅའ་ཁྲིམས》ཀྱི་གཙོ་གནད་ལ་གོ་བ་སྔར་བས་བླངས་ཐུབ་པ་དང་། འབྱུང་འགྱུར་གྱི་ཚོང་ལས་ཐབས་ཇུས་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་བརྟན་པོ་མཁོ་འདོན་ཐུབ་པར་མ་ཟད། ཁེ་ལས་ལུགས་མཐུན་དང་ཚད་ལྡན་གྱི་ལམ་བུར་མདུན་སྐྱོད་ཐུབ་རྒྱུར་ཡང་རོགས་རམ་བྱས་ཡོད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 6 6 拉萨日报藏文 c187527.html 1 ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ། /enpproperty-->