(པར་ངོས་དང་པོར་མཐུད)བྱང་བུ་འདྲད་པ། ཆུའི་སྟེམ་སྒོ་བསྣན་པ་བཅས་བརྒྱུད་ཆུ་ཟོམ་ནང་གཏེར་ཆུ་ལམ་སེང་ཁེངས་ནས་གྲོང་མིས་རང་ཁྱིམ་གྱི་སྒོ་འགྲམ་ནས་གྲོན་ཆུང་དང་། བདེ་ཐང་། བདེ་འཇགས་ལྡན་པ་བཅས་ཀྱི་འཐུང་ཆུ་ལོངས་སུ་སྤྱོད་ཐུབ་པས་གྲོང་མིའི་སྤུས་ཚད་མཐོ་བའི་འཐུང་ཆུའི་བདེ་ཐང་གི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གནས་ཆུང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་ཆོས་འཕེལ་གྱིས་བདེ་ཐང་གི་འཐུང་ཆུའི་རྣམ་གྲངས་ལག་བསྟར་བྱས་པ་དེས་གྲོང་མིས་ཁྱིམ་གྱི་སྒོ་འགྲམ་ནས་བདེ་འཇགས་ལྡན་པ་དང་སྟབས་བདེ་བའི་འཐུང་ཆུ་ལས་སླ་པོར་ལེན་ཐུབ་ནས་ཆུ་གཙང་མ་འཚོལ་ཆེད་དཀའ་ལས་རྒྱག་མི་དགོས་ལ་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པར་མ་ཟད། ཁོང་ཚོའི་འཚོ་བའི་ཁུར་པོ་ཡང་ཡང་དུ་ཕྱིན་ཡོད་ཅེས་བཤད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་མཛེས་པའི་གྲོང་གསེབ། སྐྱིད་པའི་ཁྱིམ་གཞིས་ཀྱི་བདེ་ཐང་འཐུང་ཆུའི་རྣམ་གྲངས་ནི་2020ལོར་ལེགས་གྲུབ་ཟིན་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་འཐུང་ཆུའི་ཆུ་མཁོ་འདོན་མ་ལག(བདེ་འཇགས་ལྡན་པའི་འཐུང་ཆུ)རིམ་སྤོར་དང་སྒྱུར་བཀོད་ལས་གྲྭའི་རྨང་གཞིའི་ཐོག་ས་ཁུལ་དེ་གའི་ཆུ་མཁོ་འདོན་ས་ཚིགས་ལ་བདེ་ཐང་གི་འཐུང་ཆུའི་སྒྱུར་བཀོད་བྱས་པ་ཞིག་རེད། རྣམ་གྲངས་དེར་པེ་ཅིང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་3200བཏང་ནས་2021ལོའི་ཟླ་8པར་སྐྲུན་འགོ་ཚུགས་པ་དང་།2022ལོའི་ཟླ་12པར་ལས་མཇུག་འགྲིལ་བ་རེད། རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་ས་ཁུལ་དེ་གའི་ཆུ་མཁོ་འདོན་ཡོངས་ཁྱབ་ནས་སྤུས་ཚད་ལེགས་སུ་ཕྱན་ཡོད། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་སྟོད་ལུང་བདེ་ཆེན་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཝུའེ་ཡིས་རྣམ་གྲངས་བསྐྲུན་རྗེས།སྟོད་ལུང་བདེ་ཆེན་ཆུས་སུ་ཁྱོན་ཐད་ཀའི་འཐུང་ཆུའི་ས་ཚིགས་94བཀོད་སྒྲིག་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་དུད་ཚང་26396ཡི་མི་གྲངས་91065ལ་ཕན་པ་ཐོབ་ནས་གྲོང་མིའི་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་དང་། འཐུང་ཆུའི་གཏེར་དངོས་འདུས་ཚད་ལེགས་སུ། གཞན་བརྟེན་སྲིན་འབུའི་ནད་ཕོག་ཚད་ཉུང་དུ། གྲོང་མིའི་འཐུང་ཆུའི་སྤུས་ཚད་ལེགས་སུ་བཅས་ཕྱིན་ཡོད་ཅེས་བཤད།
འགྲིམ་འགྲུལ་ཤར་གཏོང་དང་སྟབས་བདེ་ཡིན་པ་དེ་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འགྲོ་སྐྱོད་དང་ཐད་ཀར་འབྲེལ་བ་ཡོད་པས། མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་དམངས་འཚོའི་དོན་ཆེན་ཞིག་རེད། དེ་སྔ་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྲམ་གྲོང་ཚོ་ནས་མཚོ་སྨད་གྲོང་ཚོའི་བར་གྱི་འགྲོ་ལམ་ནི་ས་རྡོའི་ལམ་ཡིན་པ་དང་། འབར་འབུར་ཡིན་པ། གནམ་དྭངས་དུས་ས་རྡུལ་འཕྱུར་བ་དང་ཆར་པ་འབབ་དུས་འདམ་གྱིས་ཁེངས་ཀྱི་ཡོད་པས་འགྲོ་སྐྱོད་ལ་སྟབས་བདེ་པོ་མེད་པར་མ་ཟད། གྲོང་ཚོའི་འཕེལ་རྒྱས་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། གྲོང་མི་ཚོས་ལམ་སྔ་ཙམ་བཟོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། གྲོང་ཚོ་དེའི་འགྲོ་ལམ་ཤར་བགྲོད་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་རྒྱ་ཆེའི་ཡུལ་མིའི་ཉིན་བཞིན་ཆེ་རུ་འགྲོ་བའི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པས་མཐུན་སྦྱོར་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་གྲམ་གྲོང་ཚོ་དང་མཚོ་སྨད་གྲོང་ཚོའི་ད་ལྟའི་གནས་ཚུལ་དང་། ཐོན་ལས་ཀྱི་གྲུབ་ཆའི་རིགས། དེ་བཞིན་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་ཁྱབ་ཚུལ་གྱི་ཁྱད་ཆོས་བཅས་དང་ཟུང་འབྲེལ་བྱས་ཏེ་དམར་གྲོང་རྡལ་གྲམ་གྲོང་ཚོ་ནས་མཚོ་སྨད་གྲོང་ཚོའི་བར་གྱི་འགྲོ་ལམ་ལ་རིམ་སྤོར་སྒྱུར་བཀོད་བྱས་པ་རེད། སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོའི་ཡུལ་མི་བསམ་གྲུབ་ཀྱིས་དེ་སྔ་མཚོ་སྨད་གྲོང་ཚོ་ནས་གྲམ་གྲོང་ཚོ་བར་ས་རྡོའི་ལམ་ཡིན་པས། དབྱར་དུས་སུ་ཆུ་འཁྱིལ་བ་དང་དགུན་དུས་སུ་འཁྱག་པ་ཆགས་ཀྱི་པས་འགྲོ་སྐྱོད་ཐད་སྟབས་བདེ་པོ་མེད། ད་ཆ་འབྲེལ་ཡོད་ཚན་པའི་རོགས་སྐྱོར་འོག་ང་ཚོར་སྣུམ་ནག་ལམ་བསྐྲུན་པས།སླད་ཕྱིན་འགྲོ་སྐྱོད་ལ་དེ་བས་སྟབས་བདེ་ཡོང་བར་ང་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
གསར་འགོད་པས་རྣམ་གྲངས་དེའི་ཨར་ལས་བྱ་ཡུལ་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་པ་དང་། རྣམ་གྲངས་དེ་གྲམ་གྲོང་ཚོའི་ལམ་དུམ་དུ་གནས་ཤིང་། ལམ་བཅག་འཕྲུལ་འཁོར་དང་། སྐྱེལ་འདྲེན་རླངས་འཁོར། བླུག་འགེལ་འཕྲུལ་འཁོར་སོགས་ལས་གྲྭའི་འཁོར་རིགས་ཕར་འགྲོ་ཚུར་འོང་བྱས་ནས་ལམ་ངོས་བཟོ་བའི་ལས་དོན་སྤེལ་བཞིན་ཡོད། མཚོ་སྨད་གྲོང་ཚོའི་ལམ་དུམ་དུ་ཆུ་བརྟན་བང་རིམ་འདིང་རྒྱུའི་ལས་ཀ་ལེགས་གྲུབ་ཟིན་ནས་སྣུམ་ནག་འདིང་ཉེར་ཡོད་པ་རེད། སྟོད་ལུང་བདེ་ཆེན་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་དོན་པ་ཉི་མ་བཀྲ་ཤིས་ཀྱིས་མིག་སྔའི་བར་རྣམ་གྲངས་ཀྱི་ལམ་གཞིའི་ས་རྡོའི་ལས་གྲྭ་དང་། ལམ་གཞིའི་ཆུ་འབུད་དང་འགོག་སྲུང་ལས་གྲྭ ཟམ་ཆུའི་ལས་གྲྭ སྔོ་འགྱུར་ལས་གྲྭ་བཅས་བརྒྱ་ཆ་100ལེགས་གྲུབ་ཟིན་པ་དང་། ལམ་ངོས་ཀྱི་ལས་གྲྭ་བརྒྱ་ཆ་40ལེགས་གྲུབ་ཟིན་ནས་རྣམ་གྲངས་ཧྲིལ་པོའི་ལས་གྲྭའི་བསྡོམས་འབོར་བརྒྱ་ཆ་72ལེགས་གྲུབ་ཟིན་ཡོད། མིག་སྔར། རྣམ་གྲངས་ཀྱི་ཨར་ལས་མྱུར་ཚད་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་པ་དང་། ང་ཚོས་མུ་མཐུད་ལྟ་སྐུལ་དོ་དམ་ལས་དོན་སྤེལ་ནས་རྣམ་གྲངས་ཀྱི་སྤུས་འབོར་གཉིས་ལྡན་འགན་ལེན་བྱས་ཏེ་དུས་ཐོག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད།
རྣམ་གྲངས་དེ་2023ལོའི་ཟླ་8ཚེས་16ཉིན་འགོ་ཚུགས་པ་དང་། འཛུགས་སྐྲུན་གྱི་སྤྱིའི་ལམ་ཚད་སྤྱི་ལེ་6.528དང་ཚད་ལྡན་ལམ་གཞིའི་ཞེང་ཚད་སྨི་6.5ཟིན་པའི་ཇུས་འགོད་བྱས་པ་དང་། ལོ་ལྔ་ཚན་བཅུ་བཞི་པའིབོད་སྐྱོར་མ་དངུལ་སྒོར་ཁྲི་3000སྤྱད་ཡོད། སྔོན་དཔག་བྱས་ན་2024ལོའི་ཟླ་9པར་ལེགས་གྲུབ་ཟིན་ནས་རྩིས་སྤྲོད་རྒྱུ་རེད། ཝང་ཝུའེ་ཡིས་རྣམ་གྲངས་འཛུགས་སྐྲུན་བྱས་པ་ལས་སྲིད་འཛིན་གྲོང་ཚོ་2ལ་ཐད་ཀར་ཕན་པ་ཐོབ་རྒྱུ་དང་།ཕྱིར་སྐྱོད་མང་ཚོགས་དུད་ཚང་542དང་མི་གྲངས་1934དང་འབྲེལ་བ་ཡོད། རྣམ་གྲངས་འདི་བརྒྱུད་ས་གནས་འདི་གའི་ལས་ཞུགས་ཀྱི་གོ་སྐབས་མང་དུ་འགྲོ་རྒྱུ་དང་། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལམ་རྒྱུད་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་འགྲོ་བ། ས་གནས་དེ་གའི་རྣམ་པ་ལེགས་སུ་འགྲོ་བ་བཅས་ཀྱི་རྣམ་པ་ཐོན་རྒྱུ་རེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ངོ་30ཡི་རིང་། པེ་ཅིང་གིས་བོད་སྐྱོར་གྱི་བོད་སྐྱོར་རྣམ་གྲངས་90ལྷག་ཙམ་འཆར་འགོད་དང་ལག་བསྟར་བྱས་པ་དེ་རིམ་པ་ཁག་གི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.5ཙམ་དང་འབྲེལ་བ་ཡོད་པ་རེད། རྣམ་གྲངས་དང་མ་དངུལ་ཚང་མ་བརྒྱ་ཆ་80ཡན་གཞི་རིམ་དང་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ཡོད། རིག་གནས་ཡུལ་སྐོར་ལ་དཔེར་བཞག་ན། གནས་ཡུལ་དང་ཐོན་ཁུངས་སོགས་ཀྱི་ལེགས་ཆར་བརྟེན་ནས་བདེ་སྐྱིད་བོད་ཁྱིམ་སོཊ་ཡུལ་སྐོར་དང་ཟུང་འབྲེལ་བྱེད་པའི་རྣམ་གྲངས་བཏོད་པ་དང་། བདེ་སྐྱིད་བོད་ཁྱིམ་ནི་བོད་ཁྱིམ་དམངས་སྲོལ་ཞག་སྡོད་གཙོ་བོར་བྱེད་པ་དང་། ཁྱིམ་ཚང་དང་། ཚོང་ཁང་། ཟ་ཁང་བཅས་གཅིག་གྱུར་དང་གོང་འོག་མཉམ་སྡོད་ཀྱི་རྣམ་པ་སྤྱད་དེ་དམངས་སྲོལ་ཞག་སྡོད་ལ་ཉམས་ལེན་དང་། ཁྱད་ལྡན་བཟའ་བཏུང་། ཡུལ་སྐོར། སྤྲོ་གསེང་ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་གྲངས་ཤིག་ཡིན། 2018ལོའི་ཟླ་9པར་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་དང་ལས་ཞུགས་ཀྱིས་འབབ་འཕར་ལ་རམ་འདེགས་བྱེད་པའི་རྣམ་པ་བརྒྱུད། ས་གནས་དེ་གའི་གྲོང་མིས་ཁྱིམ་སྡོད་ལས་ཞུགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུལ་མི་ཆོས་སྐྱིད་ཀྱིས་ང་ཚོ་གནས་སྤོས་བྱས་རྗེས། འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འགྲིམ་འགྲུལ་སྟབས་བདེ་བ། བདེ་སྐྱིད་བོད་ཁྱིམ་དུ་ལས་ཀ་བྱས་ནའང་ཧ་ཅང་སྟབས་བདེ་པོ་ཡོད། སླད་ཕྱིན་ཡག་ཐོག་ཡག་རྩེག་ཡོང་བའི་རེ་བ་ཡོད་ཅེས་བཤད།
མི་དམངས་ལ་དགོས་མཁོ་འདྲི་བ་དང་། མི་དམངས་ཀྱི་སེམས་ཁྲལ་སེལ་བ། མི་དམངས་ཀྱི་རེ་འདུན་སྒྲུབ་པ། བརྩེ་སེམས་བཅངས་ནས་དོན་དངོས་ཡག་པོ་སྒྲུབ་པ་བཅས་ནི་བོད་སྐྱོར་ལས་བྱེད་པ་ཚོས་རྒྱུན་དུ་ཤོད་པའི་སྐད་ཆ་ཡིན་ལ་དོན་ཐོག་ཏུ་འཁྱོལ་བའི་བྱ་སྤྱོད་ཅིག་ཀྱང་ཡིན། དེ་ནི་རྒྱལ་ས་པེ་ཅིང་ནས་གནའ་གྲོང་ལྷ་སའི་བར་སྤྱི་ལེ་3500ཙམ་ལས་བརྒལ་བའི་རྒྱུན་མཐུད་སྦྲེལ་མཐུད་ཅིག་ཡིན་ལ་ལོ་ངོ་30ལས་བརྒལ་བའི་བརྩེ་སེམས་ཟབ་མོ་ཞིག་དེ་བས་ཀྱང་ཡིན། ཁ་གཏད་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་ཏན་ཏིག་ཕྱིན་ནས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་སྟོད་ལུང་བདེ་ཆེན་ཆུས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཅིན་ལེང་གིས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐབས་རིམ་བྱུང་གི་བོད་སྐྱོར་ཚོགས་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ནས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པའི་ཆེད་ལས་ཀྱི་ལེགས་ཆ་དང་བོད་སྐྱོར་རྣམ་གྲངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཆར་འགོད་དང་ལག་བསྟར་བྱས་པའི་རྣམ་གྲངས་དང་མ་དངུལ་ཚང་མའི་བརྒྱ་ཆ་80ཡན་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་རམ་འདེགས་བྱས་ཡོད་ཅེས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社