ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་27ཉིན། གྲོང་ཁྱེར་བྱིས་པའི་ཕན་བདེའི་སྒྲིག་གཞིས་2024ལོའི་བྱིས་པའི་འཚར་ལོངས་སྙན་ཞུའི་ཚོགས་འདུ་ཀྲུང་གོ་ལྷ་ས་SOSབྱིས་པའི་གྲོང་ཚོར་འཚོགས་པ་རེད། འདི་ལོ་གྲོང་ཁྱེར་བྱིས་པའི་ཕན་བདེའི་སྒྲིག་གཞིར་ཁྱོན་ཕྲུ་གུ་24ལ་ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། ཕྲུ་གུ་ཚོས་འབད་བརྩོན་བྱས་པ་བརྒྱུད་གོམ་པ་རེ་རེ་བཞིན་ཕུགས་བསམ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ཀྲུང་གོ་ལྷ་ས་SOSབྱིས་པའི་གྲོང་ཚོར་ཁྱོན་ཁྱིམ་ཚང་17ཡོད་པ་དང་། གྲོང་ཚོ་བཙུགས་ནས་ད་བར་ཕྲུ་གུ་290གསོ་སྐྱོང་བྱས་ཡོད། ཕྲུ་གུ་ཚོའི་འཚར་ལོངས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་། ཁོང་ཚོར་སློབ་སྦྱོང་གི་གོ་སྐབས་དེ་བས་ལེགས་པ་མཁོ་འདོན་བྱ་ཆེད། སློབ་སྦྱོང་གི་རྨང་གཞི་ཞན་པའི་ཕྲུ་གུར་དམིགས་ནས་གྲོང་ཚོའི་པུའུ་ཡིས་ཁྱིམ་ཚང་དབྱེ་སྐབས་ཨ་མའི་རིག་གནས་ཆུ་ཚད་དང་ཕྲུ་གུའི་སློབ་སྦྱོང་གི་གོམས་གཤིས་ལ་གཙོ་གནད་དུ་བསམ་གཞིགས་བྱེད་ཀྱི་ཡོད་པ་དང་། བྱ་ཐབས་མང་པོའི་ཐོག་ནས་ཕྲུ་གུས་རང་ལ་ཡིད་ཆེས་པའི་བསམ་པ་རྒྱ་ཆེར་གཏོང་གང་ཐུབ་བྱེད་བཞིན་ཡོད། འདི་ལོ་བྱིས་པའི་གྲོང་ཚོའི་ཁྱོན་ཕྲུ་གུ་5སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། ཁྱིམ་ཚང་ཨང་13པའི་སྒྲོལ་མ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
སྒྲོལ་མས་ང་ནན་ཅིང་དམིགས་བསལ་སློབ་གསོའི་སློབ་གླིང་དུ་རྒྱུགས་འཕྲོད་འདུག་ལ། ངས་བདམས་པའི་ཆེད་ལས་ནི་སློབ་གསོ་ལུས་གསོའི་རིག་པ་ཡིན་པས་སློབ་ཆེན་གྱི་ལོ་བཞིའི་རིང་ངས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་དང་།སློབ་གྲྭ་ཐོན་རྗེས་ལྷ་སར་ལོག་ནས་ལྷ་སའི་སྨན་བཅོས་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་།
དེ་རྗེས་ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་ལག་ཐོགས་གློག་ཀླད་20ལྷག་ཙམ་རེ་རེ་བཞིན་ཕྲུ་གུ་ཚོའི་ལག་ཏུ་སྤྲད་པ་རེད། ཕྲུ་གུའི་འཐུས་མི་གཉིས་ཀྱིས་རང་སོ་སོའི་འཚར་ལོངས་ལ་གཞི་ཚུགས་ནས་མྱོང་ཚོར་ལྷུག་པོར་གླེང་བ་དང་སྦྲགས། སློབ་ཆེན་གྱི་འཚོ་བར་བསུ་བ་ཞུས་ཏེ་དེ་བས་ཕུན་སུམ་ཚོགས་པའི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད། ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚེ་རིང་མཚམས་གཅོད་ཀྱིས་ང་ཧུའུ་ཀྲུའུ་དགེ་འོས་སློབ་གླིང་ལ་རྒྱུགས་འཕྲོད་འདུག ཆེད་ལས་ནི་ནོར་སྲིད་དོ་དམ་ཡིན། དེ་རིང་ང་ལ་ལག་ཐོགས་གློག་ཀླད་སྤྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་། མ་འོངས་པའི་སློབ་ཆེན་གྱི་ལོ་བཞིའི་ནང་། ངས་ལག་ཐོགས་གློག་ཀླད་དེ་བེད་སྤྱོད་ཡག་པོ་བྱས་ནས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ཡིན་ལ། སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣས་ང་ཚོར་རོགས་རམ་དང་གཅེས་སྐྱོང་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱིས་འབྱུང་། ངས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་སྤྱི་ཚོགས་ལ་རང་གི་ནུས་པ་ལེགས་སྐྱེས་སུ་འབུལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
སླད་ཕྱིན། ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ལས་ཀའི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་དང་ཞབས་ཞུའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས། དགེ་སྒྲུབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གི་ཁ་གསབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྲུ་གུ་ཚོའི་ཐོབ་སྣང་དང་།བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་བཏང་ནས་བྱིས་པའི་ཕན་བདེའི་ལས་དོན་གྱི་གནད་སྨིན་ཅན་གྱི་དོ་དམ་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་འདི་ཉིད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社