分享按钮

གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་སྤྱི་ཕན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན། ལྷ་ས་གྲོང་ཁྱེར་གྱིས་སྐབས་གཉིས་པའི་ཕུགས་འདུན་ཁང་ཆུང་ཞེས་པའི་སྤྱི་ཕན་བྱེད་སྒོ་སྟེ་བོད་ལྗོངས་ཅིང་ཡུན་ཚོགས་པས་གཅིག་སྡུད་ཞལ་འདེབས་འབུལ་བ་དང་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་རེ་བའི་སྒྲོག་ཙེ་ཞེས་པའི་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧུའེ་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

མཛད་སྒོ་འཚོགས་པའི་ཡུལ་དངོས་སུ་སྐབས་དང་པོའི་ཕུགས་འདུན་ཁང་ཆུང་ཞེས་པའི་བྱེད་སྒོ་སྤེལ་སྐབས་ཞལ་འདེབས་འབུལ་མཁན་གྱི་གཅེས་སེམས་ཁེ་ལས་དང་མི་སྒེར་ལ་ལག་ཁྱེར་སྤྲད་པ་དང་། གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་2024ལོའི་ཕུགས་འདུན་ཁང་ཆུང་གི་གཅེས་སེམས་ཁེ་ལས་ཏེ་བོད་ལྗོངས་ཅིང་ཡུན་ཚན་རྩལ་ཚད་ཡོད་ཀུང་སི་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་འབྲེལ་ཞལ་འདེབས་དང་འཛུགས་སྐྲུན་བྱང་བུ་བརྗེ་རེས་བྱས་པ་རེད། ཅིང་ཡུན་ཚོགས་པས་མ་དངུལ་སྒོར་ཁྲི་69ཞལ་འདེབས་བརྒྱབ་ནས་དཀའ་ངལ་ཡོད་པའི་དུད་ཚང་23གྱི་ལོ་ཆུང་བྱིས་པར་ཕུགས་འདུན་ཁང་ཆུང་བསྐྲུན་རྒྱུ་ཡིན་པ་རེད། གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་2023ལོའི་ནོར་སྲིད་ལས་རྗེས་བྱ་དགའི་མ་དངུལ་སྒོར་ཁྲི་13.4བཏང་ནས་རང་གྲོང་གི་དཀའ་ངལ་ཡོད་པའི་ལོ་ཆུང་བྱིས་པ་100ལ་རེ་བའི་སྒྲོག་ཙེ་དང་དེ་བཞིན་ལེ་ལག་ཚང་བའི་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་རེད།

ཝང་ཧུའེ་ཡིས་སྔ་ཕྱི་བར་གསུམ་དུ་ལྷ་སའི་གཞོན་ནུ་ལོ་ཆུང་གི་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་འབྲེལ་ཕུགས་འདུན་ཁང་ཆུང་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་གྱི་སྤྱི་ཚོགས་རྩ་འཛུགས་དང་གཅེས་སེམས་པ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གཅེས་སེམས་དང་ལེན་བྱེད་མཁན་སློབ་གྲོགས་ཚོས་རྟག་ཏུ་དྲིན་ཚོར་གྱི་བསམ་པ་བཅངས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། དཀའ་བ་སྤྱད་ནས་སློབ་སྦྱོང་བྱེད་པ། ཕུགས་བསམ་འཛུགས་པ། འཇོན་ཐང་ཆེ་རུ་གཏོང་བ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱས་ཏེ། མེས་རྒྱལ་དང་མི་དམངས་ལ་མཁོ་བའི་རྒྱུན་འཛིན་པ་ཞིག་བྱེད་པར་འབད་བརྩོན་བྱེད་དགོས་པ་དང་། གཅེས་སེམས་མཉམ་སྡེབ་དང་མི་སྒེར་གྱིས་རྟག་ཏུ་དགེ་སྒྲུབ་ཀྱི་བསམ་པ་བཅངས་ནས་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་སུ་འབུལ་བ་དང་། གཅེས་སེམས་ཁེ་ལས་དང་གཅེས་སེམས་མི་སྣ་དེ་བས་མང་བས་ཕུགས་འདུན་ཁང་ཆུང་ཞེས་པའི་སྤྱི་ཕན་བྱེད་སྒོར་རོགས་རམ་བྱས་ནས་ཕྲུ་གུ་ཚོའི་སློབ་སྦྱོང་གི་ཁོར་ཡུག་དང་འཚར་ལོངས་ཀྱི་ཁོར་ཡུག་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་རྟག་ཏུ་དམངས་ཀྱི་དོན་དུ་ལས་དོན་བསྒྲུབ་རྒྱུ་སེམས་ལ་བཅངས་ནས་ནུས་ཤུགས་ཡོད་རྒུས་ལས་ཀ་བྱེད་དགོས་པ་དང་། སྒྲིག་འཛུགས་དང་། ཞབས་ཞུ། ལྟ་སྐུལ་དོ་དམ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། དངོས་པོའི་རོགས་རམ་དང་བསམ་པའི་གཅེས་སྐྱོང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་མེས་རྒྱལ་གྱི་འབྱུང་འགྱུར་ལ་གཅེས་སྐྱོང་དང་ཕྲུ་གུའི་ཕུགས་འདུན་སྒྲུབ་པ་བཅས་བྱས་ནས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་། སྤྱི་ཚོགས་ཀྱི་དྲོ་སྐྱིད་དེ་གཅེས་སྐྱོང་དང་རོགས་སྐྱོར་མཁོ་བའི་ལོ་ཆུང་བྱིས་པ་དེ་བས་མང་བར་བརྒྱུད་སྤྲོད་ཏན་ཏིག་བྱེད་དགོས་པ་དང་། ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལྷ་སའི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-30 6 6 拉萨日报藏文 c187501.html 1 གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་སྤྱི་ཕན་བྱེད་སྒོ་སྤེལ་བ། /enpproperty-->