分享按钮

སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ས་གནས་འདི་གའི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་2500ལྷག་ཙམ་བསྐངས་པ།

སྨན་ཁང་184ཡིས་རིགས་གཅིག་མཁས་ཅན་2000ཙམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རོགས་སྐྱོར་བྱེད་པར་མངགས་པ་དང་། རིམ་རྩིས་བྱས་ན་རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ་ཁག་4400ལྷག་ཙམ་ལེགས་སྒྲུབ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གསར་འགོད་པས་ལོ་ངོ་30ཡི་རིང་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་ངོ་10ཙམ་གྱི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱས་པ་བརྒྱུད། རིམ་རྩིས་བྱས་ན་རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ་ཁག་4400ལྷག་ཙམ་སྤེལ་བ་དང་། སྔོན་ཐོན་གྱི་ཉམས་མྱོང་ཁག་1800ལྷག་ཙམ་སྦྱངས་ནས་ས་གནས་འདི་གའི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་2500ལྷག་ཙམ་བསྐངས་ཡོད་པ་རེད།

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀུའོ་ཧན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ཟླ་8པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་གྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག གསར་གཏོད་རང་བཞིན་གྱི་སྒོ་ནས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་སྨན་བཅོས་རྐང་འཛིན་པ་བདམས་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། 2021ལོར། ཚོགས་སྒྲིག་རོགས་སྐྱོར་བྱ་ཡུལ་གྱི་རྫོང་མི་དམངས་སྨན་ཁང་13བར་རྒྱ་ཆེར་བཏང་ཡོད་ཅིང་། མིག་སྔའི་བར། རོགས་སྐྱོར་སྨན་ཁང་184ཡིས་ཁག་10ཡི་རིགས་གཅིག་མཁས་ཅན་2000ལྷག་ཙམ་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རོགས་སྐྱོར་བྱེད་པར་བཏང་ཡོད། རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོའི་ཐུན་མོང་རོགས་ལས་དང་འབད་བརྩོན་ལྷོད་མེད་འོག་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་།སྨན་ཁང་གི་དོ་དམ་ཐད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཞིང་ཆེན་གྱིས་སྨན་ཁང་འགན་གཙང་ལེན་པ་དང་། སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པ། ཚོགས་པ་སྒྲིག་འཛུགས་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་རོགས་སྐྱོར་བྱས་པའི་སྨན་ཁང་གི་ཚན་ཁག་གི་གྲངས་འབོར་ལོ་ལྟར་125ཙམ་ཟིན་པ་དང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་7བསྐྲུན་ཡོད། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་ས་གནས་འདི་གའི་སྨན་དོན་པ་4800ལྷག་ཙམ་གསོ་སྐྱོང་བྱས་པ་དང་ལས་གནས་དང་།ལས་གནས་ཐོག་རྗེས་སུའབྲངས་ནས་མཉམ་དུ་སློབ་སྦྱོང་བྱས་པ།རིག་གཞུང་སྤེལ་རེས་སྣ་ཚོགས་ནང་ཞུགས་མཁན་ལོ་རེར་ཆ་སྙོམས་མི་གྲངས་5000ལྷག་ཙམ་ཟིན་ཡོད། སྨན་བཅོས་ཞབས་ཞུའི་ཐད“1+7”སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་རོགས་སྐྱོར་མ་བྱས་གོང་ལས་ལྡབ་གཅིག་འཕར་བ་དང་། ལོ་རེར་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་བྱེད་ཚད་ཆ་སྙོམས་14000ལྷག་ཙམ་ཟིན་པ། ནད་གཞི་ཚབས་ཆེན་གྱི་ནད་པ་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་བརྒྱ་ཆ་90ཙམ་ཟིན་པ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོའི་རྒྱང་ཁྲིད་མཉམ་བརྟག་ཐེངས་3600ལྷག་ཙམ་ཟིན་པ། ལྟེ་གནས་ཆེ་གྲས་ལྔ་འཛུགས་སྐྲུན་ཐད་རིམ་པ་ཁག་གི་ལྟེ་གནས་ཆེ་གྲས་ལྔའི(བྲང་གཟེར་ལྟེ་གནས་དང་། གཟའ་གྲིབ་ལྟེ་གནས།རྨས་སྐྱོན་ལྟེ་གནས། ཉེན་ཁ་ཆེ་བའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། ཉེན་ཁ་ཆེ་བའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས)རྒྱལ་ཁབ་རིམ་པ་17དང་། རང་སྐྱོང་ལྗོངས་རིམ་པ་8 ས་ཁུལ་དང་གྲོང་ཁྱེར་རིམ་པ་9བཅས་བསྐྲུན་ནས་གཙོ་གནད་ཆེད་ལས་ཚན་ཁག་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པ་རེད། གཞན་ཡང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་སྲིད་ཇུས་ལ་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་འདི་ཉིད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མི་དམངས་སྨན་ཁང་ཁྲོད་སྔོན་ལ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བཏོད་ཡོད་པ་རེད།

རྗེས་མར། རང་ལྗོངས་ཀྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཏང་གི་བོད་སྐྱོང་མཛད་ཇུས་དང་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཞིང་ཆེན་དང་གྲོང་ཁྱེར་གྱི་མཉམ་ལས་དང་ཚན་པའི་དབར་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ་དང་། བོད་ཀྱི་དོན་དངོས་ཁོང་དུ་ཆུད་པར་བྱས་ཏེ་ས་གནས་འདི་གའི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་གཞན་བརྟེན་དང་དེ་བས་རང་བརྟེན་ཐུབ་པར་བྱས་ཏེ་འཕྲོད་བསྟེན་བོད་སྐྱོར་གྱི་གྲུབ་འབྲས་དང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་ནུས་ལྡན་རང་བཞིན་འགན་ལེན་བྱ་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-30 སྨན་ཁང་184ཡིས་རིགས་གཅིག་མཁས་ཅན་2000ཙམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རོགས་སྐྱོར་བྱེད་པར་མངགས་པ་དང་། རིམ་རྩིས་བྱས་ན་རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ་ཁག་4400ལྷག་ཙམ་ལེགས་སྒྲུབ་བྱས་པ། 6 6 拉萨日报藏文 c187502.html 1 སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ས་གནས་འདི་གའི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་2500ལྷག་ཙམ་བསྐངས་པ། /enpproperty-->