分享按钮

གྲོང་ཁྱེར་སེམས་དྲོད་ཀུང་སིས་སྡེ་ཁུལ་དང་ལག་གདང་སྦྲེལ་ནས་གྲོང་མིའི་དུད་ཚང་1170ལ་རིན་མེད་ངང་འབར་རླངས་ཐབ་ཆས་སྒྲིག་སྦྱོར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་28ཉིན།སྡེ་ཁུལ་གྱི་གྲོང་མིའི་འཚོ་བའི་སྤུས་ཚད་དང་བདེ་འཇགས་འགན་ལེན་སྔར་བས་མཐོ་རུ་གཏོང་ཆེད།ལྷ་ས་གྲོང་ཁྱེར་སེམས་དྲོད་དྲོད་ཤུགས་ཞབས་ཞུ་ཚད་ཡོད་ཀུང་སིས(སེམས་དྲོ་ཀུང་སི་ཞེས་བསྡུ་རྒྱུ)སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་དང་མཉམ་དུ་ས་ཁུལ་གྱི་གྲོང་མི་དུད་ཚང་1170ལ་ས་མཐོར་འཚམ་པའི་འབར་རླངས་ཐབ་ཆས་རིན་མེད་ངང་སྒྲིག་སྦྱོར་བྱས་པ་དང་འབྲེལ་འབར་རླངས་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་རྒྱ་ཆེའི་གྲོང་མིའི་གདེང་འཇོག་ཡག་པོ་ཐོབ་པ་རེད།

བྱེད་སྒོ་སྤེལ་རིང་།སེམས་དྲོད་ཀུང་སིའི་ལག་རྩལ་པས་ལུས་ལ་གཅིག་གྱུར་གྱི་ལས་གོས་གྱོན་པ་དང་ཆེད་ལས་ཀྱི་ཡོ་བྱད་འཁྱེར་ནས་ཁྱིམ་ཚང་རེ་རེ་བཞིན་གྲོང་མི་ཚོར་རླངས་ཐབ་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་ལས་དོན་སྤེལ་ཡོད་པ་རེད།སྒྲིག་སྦྱོར་བྱེད་རིང་།ལས་དོན་པས་སྒྲིག་ཆས་གཅིག་ཀྱང་མ་ལུས་པར་སྒྲིག་སྦྱོར་ཞིབ་ཚགས་བྱས་པར་མ་ཟད།བཀོལ་སྤྱོད་ཤེས་བྱར་ཡང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་།རླངས་ཐབ་ཚང་མ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་གྲོང་མི་ཚོས་བློ་བདེ་པོ་དང་བག་ཕེབས་ངང་བེད་སྤྱོད་ཐུབ་པར་བྱས་ཡོད།སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱི་གྲོང་མི་པ་སངས་རྡོ་རྗེས་དེ་སྔ་གཤེར་རླངས་སྤྱོད་སྐབས་སྟབས་བདེ་པོ་མེད་པར་མ་ཟད།གཤེར་རླངས་སྒྲིག་སྦྱོར་བྱེད་སྟངས་ཚད་ལྡན་མིན་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་པའི་སེམས་ཁྲལ་བྱེད་ཀྱི་ཡོད།འབར་རླངས་བཏང་རྗེས་རླངས་ཐབ་སྤྱོད་སྐབས་སྟབས་བདེ་རུ་ཕྱིན་པར་མ་ཟད།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཆུང་དུ་ཕྱིན་ཡོད།སྡེ་ཁུལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

སྡེ་ཁུལ་དུ་སེམས་དྲོད་ཀུང་སིས་ད་དུང་འབར་རླངས་ཤེས་བྱའི་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་བེད་སྤྱོད་བྱ་ཐབས་ངོ་སྤྲོད་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་གྲོང་མི་མང་ཚོགས་ལ་འབར་རླངས་བདེ་འཇགས་ངང་བེད་སྤྱོད་བྱེད་པའི་རྒྱུན་ཤེས་དང་།འཕྲལ་སྡོམ་ཐག་གཅོད་བྱ་ཐབས།རྒྱུན་གཏན་གྱི་སྲུང་སྐྱོང་དང་བདག་སྐྱོང་བྱ་ཐབས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ཡོད་པ་རེད།ད་ཐེངས་ཀྱི་བྱེད་སྒོ་དེས་སྡེ་ཁུལ་གྱི་གྲོང་མིར་དུས་ཡུན་རིང་པོའི་ནང་གནས་པའི་རླངས་ཐབ་སྒྲིག་སྦྱོར་བྱེད་པའི་དཀའ་གནད་ཐག་གཅོད་བྱས་པར་མ་ཟད།གྲོང་མིའི་བདེ་འཇགས་འདུ་ཤེས་དང་རང་ངོས་འགོག་སྲུང་གི་ནུས་པ་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་གཅིག་ལྕོཊ་བཀྲ་ཤིས་སྐྱིད་འཛོམས་ཀྱིས་དེ་རིང་ང་ཚོས་འཆམ་མཐུན་དགའ་ཚལ་གླིང་ཁུལ་ཆུང་དུ་དབུལ་སྐྱོར་གནས་སྤོས་དུད་ཚང་གི་མང་ཚོཊ་ལ་དམངས་ཕན་རླངས་ཐབ་སྤྲད་དེ་བདེ་འཇགས་དང་།ཁོར་ཡུག་སྲུང་སྐྱོང་།སྟབས་བདེ་བཅས་ཀྱི་རླངས་ཐབ་སྤྱོད་དུ་བཅུག་སྟེ་གནས་སྤོས་མང་ཚོཊ་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ཐོག་ཏང་དང་རྒྱལ་ཁབ་ཀྱི་སེམས་ཁུར་དང་ཐུགས་ཁུར་ཚོར་དུ་བཅུག་པ་དང་།སྒྱུར་བཅོས་འཕེལ་རྒྱས་ཀྱི་ཁེ་ཕན་མི་དམངས་མང་ཚོགས་དེ་བས་མང་བར་ཐོབ་པ་དང་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པར་བྱས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།སྡེ་ཁུལ་གྱི་གྲོང་མིར་སོལ་རླངས་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་དང་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད།འཆམ་མཐུན་དགའ་ཚལ་སྡེ་ཁུལ་གྱིས་མང་ཚོགས་ཀྱི་དགོས་མཁོ་དང་ལེན་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་90ལྷག་ཙམ་བཏང་ནས་མང་ཚོགས་ལ་རླངས་ཐབ་1170སྤྲད་པ་རེད།རླངས་ཐབ་བེད་སྤྱོད་བྱས་པ་དེས་གྲོང་མི་དེ་བས་མང་བ་ཞིག་གིས་ཕུ་དམ་ཁུར་ནས་ཐོག་ཁང་དུ་འཛུལ་བའི་ལོ་རྒྱུས་མཇུག་རྫོགས་པ་དང་།སོལ་རླངས་སྤྱོད་པའི་བདེ་འཇགས་དང་སྤུས་ཚད་ལའང་འགན་ལེན་ནུས་ལྡན་ཐུབ་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་སླར་ཡང་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།

གྲོང་ཁྱེར་སེམས་དྲོད་དྲོད་ཤུགས་ཞབས་ཞུ་ཚད་ཡོད་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་པུའུ་རྣམ་གྲངས་དོ་དམ་ཁོའོ་ཡི་གཙོ་གཉེར་གཞོན་པ་བློ་བསྟན་གྱིས་གསར་འགོད་པར།དེ་རིང་ང་ཚོ་སེམས་དྲོད་ཀུང་སིའི་འབར་རླངས་བདེ་འཇགས་ཏང་ཡོན་གདོང་ལེན་དྲིལ་བསྒྲགས་རུ་ཁག་གིས་ལས་སྒོའི་ཚན་པ་གཞན་དང་མཉམ་འབྲེལ་ཐོག་ཐེངས་འདིའི་འབར་རླངས་དྲིལ་བསྒྲིགས་བྱེད་སྒོ་དང་གཅིག་སྡུད་འབར་རླངས་ཤར་གཏོང་ལས་དོན་སྤེལ་དོན་ནི།རྒྱ་ཆེའི་འབར་རླངས་སྤྱོད་མཁན་གྱི་བདེ་འཇགས་འདུ་ཤེས་སྔར་བས་བརྟན་པོ་འཛུགས་རྒྱུ་དང་ཐུན་མོང་ཐོག་འབར་རླངས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་གཏོད་རྒྱུ་དེ་ཡིན།སླད་ཕྱིན།སེམས་དྲོད་ཀུང་སིའི་འབར་རླངས་བདེ་འཇགས་ཏང་ཡོན་གདོང་ལེན་དྲིལ་བསྒྲགས་རུ་ཁག་གིས་ཞབས་ཞུ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་།གྲོང་མིས་འབར་རླངས་སྤྱོད་རྒྱུར་བདེ་འཇགས་དང་སྟབས་བདེ་ཡོང་བའི་འགན་ལེན་བྱེད་པ།ཆེད་ལས་ཚོགས་པ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་དུད་ཚང་དུ་བདེ་འཇགས་ཞིབ་བཤེར་བྱེད་པ་བཅས་ཀྱིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པའི་འགན་ལེན་བྱེད་པ་དང་འབྲེལ།གྲོང་མིར་བེད་སྤྱོད་བྱེད་རིང་འཕྲད་པའི་གནད་དོན་གང་རུང་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-30 6 6 拉萨日报藏文 c187499.html 1 གྲོང་ཁྱེར་སེམས་དྲོད་ཀུང་སིས་སྡེ་ཁུལ་དང་ལག་གདང་སྦྲེལ་ནས་གྲོང་མིའི་དུད་ཚང་1170ལ་རིན་མེད་ངང་འབར་རླངས་ཐབ་ཆས་སྒྲིག་སྦྱོར་བྱས་པ། /enpproperty-->