ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་གཙོ་གཉེར་བྱས་པ་དང་། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་ལྗོངས་སྟོད་ལུང་མིང་ཐའེ་གྲོང་རྡལ་དངུལ་ཁང་གིས་གཉེར་འགན་ཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ཚོགས་འདུ་ཐེངས་བདུན་པ་རང་གྲོང་དུ་འཚོགས་པ་རེད། སྦྲེལ་མཐུད་ཚོགས་འདུའི་ཐོག་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་དམིགས་པ་དང་། རང་འགུལ་ངང་ཞབས་ཞུ་བསྒྲུབ་པ། གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ། ལས་སྟེགས་སྐྲུན་པ་སོགས་ཀྱི་བྱ་ཐབས་བརྒྱུད། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་དངུལ་རྩས་རྒྱབ་སྐྱོར་བྱས་པ་རེད།
ལྗོངས་ཡོངས་ནས་ཡོང་བའི་ཁེ་ལས་60ལྷག་ཙམ་ད་ཐེངས་ཀྱི་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་དངུལ་ཁང་གི་ལས་དོན་པས་དངུལ་བུན་གྱི་ལས་སྒོ་དང་ཐོན་རྫས་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། ཁེ་ལས་ཀྱིས་བཏོན་པའི་དངུལ་རྩའི་སྲིད་ཇུས་ཀྱི་གནད་དོན་དང་ཁེ་ལས་ཀྱི་དངུལ་བུན་ལ་འཕྲད་པའི་དཀའ་གནད་ལ་དབྱེ་ཞིབ་དང་ལན་བཏབ་པ་རེད། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་གང་བསམ་ལྷུག་བརྗོད་བྱས་ནས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དང་། ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད། མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སོགས་ཐད་འབྲེལ་གཏུག་དང་སྤེལ་རེས་བྱས་པ་རེད། སྦྲེལ་མཐུད་དང་གྲོས་བསྡུར་གཏིང་ཟབ་བྱས་པ་བརྒྱུད། དངུལ་ཁང་དང་ཁེ་ལས་དབར་གྱི་སྤེལ་རེས་ཐབས་ལམ་ཤར་གཏོང་ཐུབ་པ་དང་མཉམ་ལས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་ནས་དངུལ་ཁང་དང་ཁེ་ལས་ཕྱོགས་གཉིས་པོའི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་ཡོད། སྟོད་ལུང་རྒུ་རུམ་སྤ་ར་རྩམ་པ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བདེ་ཆེན་སྒྲོལ་དཀར་གྱིས་ང་ཚོའི་ཀུང་སི་ནི་ཆེད་མངགས་རྩམ་པ་ལས་སྣོན་དང་ཕྱིར་ཚོང་བྱེད་མཁན་གྱི་དམངས་གཉེར་ཁེ་ལས་ཤིག་ཡིན་པས། འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་དངུལ་བུན་གཡར་བའི་ཐད་དཀའ་ངལ་ཡང་འཕྲད་ཀྱི་འདུག འབྲེལ་ཡོད་ཚན་པས་ང་ཚོའི་ཀུང་སིའི་འབྲེལ་ཡོད་གནས་ཚུལ་ལ་ཤེས་རྟོགས་བྱུང་རྗེས། རང་འགུལ་ངང་ང་ཚོ་དང་འབྲེལ་གཏུགས་བྱས་ཏེ། ད་ཐེངས་ཀྱི་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ཚོགས་འདུར་ཞུགས་རྒྱུར་གདན་འདྲེན་ཞུས་ནས་ང་ཚོ་དང་དངུལ་ཁང་དབར་ཕན་ཚུན་སྦྲེལ་མཐུད་དང་ཤེས་རྟོགས་ཡོང་བར་བྱས་ཏེ། ང་ཚོར་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་ཐུབ་པར་རོགས་རམ་བྱེད་ཀྱི་ཡོད། ཐབས་ཤེས་འདི་འདྲ་ཧ་ཅང་ཡག་པོ་འདུག་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ཚོགས་འདུའི་ཐོག རང་ལྗོངས་ཀྱི་དངུལ་ཁང་གསུམ་དང་ཁེ་ལས་དྲུག་དབར་སྒོར་དུང་ཕྱུར་3.69ཡི་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་གྲོས་མཐུན་བཞག་པ་དང་། ཕྱོགས་གཉིས་པོའི་དབར་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་དེས་དངུལ་ཁང་གི་ལས་སྒོའི་ཁྱབ་ཁོངས་རྒྱ་ཆེར་བཏང་བར་མ་ཟད། མཉམ་ལས་ཁེ་ལས་ལ་དེ་བས་སྟབས་བདེ་དང་ནུས་ལྡན་གྱི་དངུལ་རྩའི་ཞབས་འདེགས་ཀྱང་ཞུས་ཡོད་པ་རེད། དེའི་རྗེས་སུ་ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་ད་དུང་བོད་ལྗོངས་བོད་འཛུགས་སྐྲུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིར་ལྟ་སྐོར་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་དང་དེ་བཞིན་ཐོན་སྐྱེད་བཟོ་རྩལ་དང་། ཐོན་རྫས་གསར་སྤེལ། ཁྲོམ་ར་རྒྱ་སྐྱེད་ཀྱི་གནས་ཚུལ་སོགས་ལ་ཤེས་རྟོགས་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཚན་རྩལ་གསར་གཏོད་སོགས་ཀྱི་ཉམས་མྱོང་ཐད་ཕན་ཚུན་སློབ་སྦྱོང་དང་གྲོས་བསྡུར་ཡང་བྱས་པ་རེད། ཕྱིས་འབྱུང་། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་།རང་འགུལ་ངང་མདུན་ཕྱོགས་སུ་ཕྱིན་ནས་ཞབས་འདེགས་ཞུ་བ། སྲིད་ཇུས་དྲིལ་བསྒྲགས་དང་། སྤེལ་རེས་ཐད་ལས་སྟེགས་བསྐྲུན་པ། ཁེ་ལས་ལ་བརྟག་ཞིབ་གཏིང་ཟབ་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་མུ་མཐུད་ནས་སྤྱད་དེ་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། དངུལ་ཁང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དམངས་གཉེར་ཁེ་ལས་ལ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་མ་དངུལ་བསྡུ་སྒྲིལ་དཀའ་བའི་དཀའ་ངལ་སེལ་རོགས་བྱེད་པ།ཁེ་ལས་ཀྱི་ཡིད་ཆེས་དང་བློ་སྟོབས་ཆེ་རུ་གཏོང་རོགས་བྱེད་པ་བཅས་བྱས་ནས། སྟོད་ལུང་བདེ་ཆེན་ཆུས་ཀྱི་དམངས་གཉེར་ཁེ་ལས་དེ་བས་མང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社