分享按钮

གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཚན་པ་མང་པོ་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབོད་སྐུལ་རང་འགུལ་ངང་དང་ལེན་ཞུས་ནས་ཏང་ཡོན་ལས་བྱེད་པའི་ནགས་ཚལ་མེ་ཟོན་གྱི་འདུ་ཤེས་སྔར་བས་གཟབ་ཏུ་གཏོང་བ་དང་ཐཱན་ཉུང་འཚོ་བའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཆེད། ཟླ་8ཚེས་23ཉིན་གྱི་སྔ་དྲོར། གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་ལྷ་ཀླུ་འདམ་ར་དོ་དམ་ཅུས་དང་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་དང་མཉམ་དུ་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མེ་འགོག་གི་མཁར་རྫོང་བརྟན་པོར་བཙུགས་ནས་ཐཱན་ཉུང་འཚོ་བ་ལག་བསྟར་བྱས་ཏེ་འབྱུང་འཕྲོད་ཀྱི་མ་འོངས་པ་མཉམ་སྐྲུན་བྱེད་ཅེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ཉེ་བའི་ལོ་ཤས་རིང་ཐོན་པའི་ནགས་ཚལ་མེ་སྐྱོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས། ཚང་མར་ནགས་ཚལ་མེ་ཟོན་གྱི་གལ་ཆེའི་རང་བཞིན་དང་དེ་བཞིན་ནགས་ཚལ་ལ་མེ་སྐྱོན་ཐོན་སླ་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་སྒྲོག་འགྲེལ་བྱས་ཤིང་། ནགས་ཚལ་མེ་ཟོན་གྱི་མེ་གསོད་ཡོ་བྱད་བཀོལ་སྤྱོད་ཀྱི་བརྒྱུད་རིམ་དང་མེ་ཟོན་སྔོན་འགོག་གི་རྒྱུན་ཤེས་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་ཚང་མའི་མེ་ཟོན་གྱི་འདུ་ཤེས་དང་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད་པ་རེད། སྒྲོག་འགྲེལ་བྱེད་སྒོ་མཇུག་འགྲིལ་རྗེས། གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་ཏང་ཀྲི་པུའི་ཏང་ཡོན་ལས་བྱེད་པ་ཡོངས་དང་། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་མེ་གསོད་པ་ལྷ་ཀླུ་འདམ་རའི་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་ལམ་འགྲམ་གྱི་གད་སྙིགས་གཙང་སེལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཐཱན་ཉུང་འཚོ་བའི་འདུ་ཤེས་ལག་ལེན་བསྟར་བ་རེད།

ཐེངས་འདིའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་དྲང་ནུས་བརྒྱུད་སྤེལ་བྱས་ཏེ་སྡེ་ཚན་མཉམ་འགུལ་དང་མཉམ་ལས་དམ་ཟབ་བྱས་པ་བརྒྱུད། གྲོང་ཁྱེར་ནགས་ཚལ་ཅུས་དང་ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱི་ཏང་ཡོན་ལས་བྱེད་པའི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་མེ་ཟོན་ལག་ལེན་གྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་སྔོ་ལྗང་རི་ཀླུང་གི་མེ་འགོག་གྱང་མུ་མཐུད་བརྟན་དུ་གཏོང་བ་དང་འབྱུང་འཕྲོད་ཐཱན་ཉུང་འཚོ་བ་ལག་ལེན་བསྟར་ཆེད་ནགས་ཚལ་དང་རྩྭ་ཐང་གི་བྱས་རྗེས་མངོན་པ་དང་ནགས་ཚལ་དང་རྩྭ་ཐང་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187042.html 1 གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཚན་པ་མང་པོ་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->