ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་26ཉིན། གསར་འགོད་པར་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཟའ་འཁོར་གོང་མར་རང་གྲོང་དུ་ཆར་ཆུ་འབབ་ཚད་ཉུང་བ་དང་གཙོ་བོ་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་བཅས་ཀྱི་ཤང་གྲོང་རྡལ་ཁག་ཅིག་ཏུ་ཆར་ཆུ་བབས་པ་གཅིག་སྡུད་བྱུང་བ་དང་། རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི་14ནས་22བར་ཡིན་པ་རེད། གཟའ་འཁོར་གྱི་ཆར་ཆུ་འབབ་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན་ས་ཆ་མང་ཆེ་བར་བཅུ་ཆ་7ནས་9བར་ཉུང་དུ་ཕྱིན་ཡོད་པ་རེད། གཟའ་འཁོར་གྱི་ཆ་སྙོམས་དྲོད་ཚད་དེ་ལོ་ཧྲིལ་པོའི་དུས་མཚུངས་དང་བསྡུར་ན་ས་གནས་ཁག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་1ནས་2བར་མཐོ་རུ་ཕྱིན་ཡོད་པ་རེད།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་གཟའ་འཁོར་འདིར་རང་གྲོང་དུ་ཆར་ཆུ་སྔར་བཞིན་ཉུང་བས་དྲོད་ཚད་ཅུང་མཐོ་བ་ཡོད་ཅིང་། གཟའ་འཁོར་གྱི་དུས་འགོ་དང་གཟའ་མཇུག་ལ་ཆར་ཆུ་འབབ་པའི་བརྒྱུད་རིམ་ཡོད་མོད། འོན་ཀྱང་འབབ་ཚད་ཅུང་ཉུང་བ་ཡོད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི་གཟའ་ཟླ་བ་ནས་གཟའ་ལྷག་པའི་བར། རྫོང(ཆུས)ཁག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་ཞིང་། ནུབ་རྒྱུད་སྙེ་མོ་རྫོང་དང་ཆུ་ཤུར་རྫོང་གི་ཤང་དང་གྲོང་རྡལ་ཁག་གཅིག་ལ་ཐོལ་ཆར་འབབ་པའམ་ཡང་ན་འབྲུག་ཆར་འབབ་རྒྱུ་ཡིན་པ་དང་། གཟའ་ཕུར་བུ་ནས་གཟའ་པ་སངས་བར། ས་གནས་ཁག་ཏུ་སྤྲིན་པ་ཉུང་བ་ནས་མང་པོ་འཁོར་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཁ་ཆར་འབབ་རྒྱུ་ཡིན་པ། གཟའ་སྤེན་པ་ནས་གཟའ་ཉི་མའི་བར། རང་གྲོང་དུ་སྤྲིན་པ་མང་ལ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་ཡིན་པ་རེད།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་རང་གྲོང་གི་ནུབ་རྒྱུད་ས་ཁུལ་དུ་ཆུ་ལོག་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཞོར་ཐོན་གནོད་འཚེར་སྔོན་འགོག་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། རང་གྲོང་གི་ཞིང་ཁུལ་གཙོ་བོ་དག་ཏུ་བརྔ་བསྡུའི་དུས་སུ་སླེབས་ཡོད་པས་གནམ་གཤིས་ཡག་པའི་གོ་སྐབས་དམ་འཛིན་བྱས་ནས་བརྔ་བསྡུའི་ལས་དོན་ཡག་པོ་བསྒྲུབ་དགོས། གཟའ་འཁོར་འདིའི་ཉིན་གུང་ནས་མཚན་མོའི་བར་དུས་དྲག་རང་བཞིན་གྱི་ཆར་རླུང་ལྡང་བ་དང་། སེར་བ་འབབ་པ་སོགས་ཀྱི་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གནས་སྐབས་ཀྱི་འཛུགས་སྐྲུན། ཕྱི་རོལ་གྱི་བྱེད་སྒོ་བཅས་ལ་ཤུགས་རྐྱེན་ངན་པ་བཟོ་བར་སྔོན་འགོག་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社