ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་བཏང་ནས་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་འཚོ་སྡོད་ཁོར་ཡུག་ཅིག་སྔར་བས་བསྐྲུན་ཆེད། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས་གློག་གསོག་སྒྲིག་ཆས་འཆར་འགོད་དང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། ཁོངས་གཏོགས་ཁུལ་གྱི་མི་སྐྱིད་གླིང་བྱང་སྒོ་ར་ཆེན་མོ་དང་། རྟ་མགོ་ཤར་སྒོ་ར་ཆེན་མོ། དཔལ་ལྷ་ཁང་བྱང་སྒོ་ར་ཆེན་མོ་སོགས་སྒོ་ར་ཆེན་མོ་19རུ་གློག་སྒུལ་སྦག་སྦག་གི་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཁོངས་གཏོགས་ཁུལ་ཆུང(སྒོ་ར་ཆེན་མོ)གི་འཕྲུལ་སྒུལ་མིན་པའི་འཁོར་རིགས་ལ་གློག་གསོག་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
ཉེ་ཆར། གསར་འགོད་པ་དཔལ་ལྷ་ཁང་བྱང་སྒོ་ར་ཆེན་མོར་སླེབས་སྐབས། རབ་གསལ་སྡེ་ཁུལ་གྱི་ལས་དོན་པ་དང་ཨར་ལས་པས་བྲེལ་འཚུབ་ཆེན་པོས་ཨར་ལས་བྱེད་བཞིན་ཡོད་ཅིང་། ཁང་པའི་ཕྱིའི་གྱང་ལ་ཚད་འཇལ་དང་ཨི་ཁུང་འབིགས་པ་སོགས་བྱས་ནས་རིག་ནུས་གློག་གསོག་སྒྲིག་ཆས་གྲལ་བསྟར་འགྲིག་པོའི་སྒོ་ནས་སྒྲིག་སྦྱོར་ལེགས་གྲུབ་བྱུང་བ་མཐོང་བྱུང་།
གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱས་མ་ཐག་པའི་མི་སྐྱིད་གླིང་བྱང་སྒོ་ར་ཆེན་མོ་དང་རྟ་མགོ་ཤར་སྒོ་ར་ཆེན་མོ་ནས་གསར་འགོད་པས་གློག་སྒུལ་སྦག་སྦག་གྲལ་སྟར་འགྲིག་པོར་བཞག་ཡོད་པ་དང་། གྲོང་མི་ཁག་གཅིག་གིས་ཨང་རྟགས་བཤེར་ནས་གློག་གསོག་བཞིན་ཡོད་པ། གློག་གསོག་ཁུལ་ཧྲིལ་པོ་བདེ་འཇགས་ལྡན་ལ་གཙང་ཞིང་གྲལ་འགྲིག་པོ་ཞིག་ཡོད་པ་མཐོང་བྱུང་། གྲོང་མི་སྤེན་པ་ཚེ་རིང་གིས་སྒོ་ར་ཆེན་མོར་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱས་རྗེས་གློག་སྒུལ་སྦག་སྦག་ལ་གློག་གསོག་པར་སེམས་ཁྲལ་བྱེད་དགོས་མེད་པ་དང་། སྟབས་བདེ་ལ་བདེ་འཇགས་ཀྱང་ཡག་པོ་འདུག་ཅེས་བཤད།
གློག་སྒུལ་སྦག་སྦག་ལ་བདེ་འཇགས་ངང་གློག་གསོག་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད། རབ་གསལ་སྡེ་ཁུལ་གྱིས་ཕྱོགས་མང་པོར་མཐུན་སྦྱོར་བྱས་ཏེ་དཀའ་གནད་རེ་རེ་བཞིན་བསལ་ཞིང་། གློག་སྒུལ་སྦག་སྦག་ལ་གློག་གསོག་ཆེད་མི་སྒེར་གྱིས་རང་དགར་གློག་སྐུད་འཐེན་ནས་གློག་གསོག་པའི་སྣང་ཚུལ་འབྱུང་རྩ་ནས་མེད་པར་བཟོས་ཏེ་སྡེ་ཁུལ་གྱི་གྲོང་མིའི་དགོས་མཁོ་སྐོང་བའི་བྱ་ཐབས་དངོས་བཏོན་པ་རེད། གཞན་ཡང་གློག་གསོག་སྒྲིག་ཆས་སྤྱོད་འགོ་ཚུགས་པ་དེས་གྲོང་ཁུལ་རྙིང་པའི་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བར་མ་ཟད། གྲོང་མིའི་སྒོ་ར་ཆེན་མོའི་ཐོག་ཁང་གི་མདུན་དུ་གློག་སྐུད་ཟང་ཟིང་དུ་འཐེན་ནས་གློག་གསོག་པ་དང་གློག་སྒུལ་སྦག་སྦག་གང་བྱུང་དུ་བཞག་པའི་སྣང་ཚུལ་ཡང་ལེགས་སུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོས་པ་དང་། དུས་མཚུངས་སུ་སྒོ་ར་ཆེན་མོའི་བར་མཐོངས་ཀྱང་སྔར་བས་ཡངས་སུ་ཕྱིན་ནས་གྲོང་མི་སྔར་བས་བློ་བདེ་རུ་དང་སྐྱིད་སྣང་དོད་དུ་ཕྱིན་ཡོད་པ་རེད།
རབ་གསལ་སྡེ་ཁུལ་ཏང་ཀྲི་པུའུ་ཡི་རྩ་འཛུགས་ཨུ་ཡོན་རིག་འཛིན་རྣམ་རྒྱལ་གྱིས་གློག་གསོག་སྒྲིས་ཆས་སྤྱོད་འགོ་ཚུགས་རྗེས། རྨང་གཞིའི་གློག་རིན་སྟེ་གློག་ཏུའུ་རེར་སྒོར་0.49ལས་བསྡུ་ཡི་མེད་པས།སྡེ་ཁུལ་གྱིས་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཆོད་སེམས་ཡུལ་མི་ཚོར་ཏན་ཏན་ཏིག་ཏིག་ངང་ཚོར་ཐུབ་པར་བྱས་ཡོད། རབ་གསལ་སྡེ་ཁུལ་གྱིས་གྲོང་མིས་དོ་ཁུར་བྱེད་པའི་གནད་དོན་ཆུང་གྲས་ལ་དམིགས་ཏེ།གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་བྱ་བ་ཆུང་གྲས་དེ་རིགས་བསྒྲུབས་པས་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དམངས་ཀྱི་གནས་ཚུལ་དང་མཐུན་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་ལས་གཞི་ཆེན་པོ་ཞིག་བསྒྲུབས་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社